彩票论坛推荐
今天是:

གཞུང་ལུགས་ཞིབ་འཇུག

གཞུང་ལུགས་བརྩམས་ཆོས།

མདུན་ཤོག > གཞུང་ལུགས་ཞིབ་འཇུག > གཞུང་ལུགས་བརྩམས་ཆོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་བཅའ་ཁྲིམས།

«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་བཅའ་ཁྲིམས»ནི།དྲ་བའི་བདེ་འཇགས་འགན་བླངས་ཏེ།དྲ་མཐོངས་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས།སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་བཅས་སྲུང་སྐྱོང་སྒོས།སྤྱི་དམངས་དང་ཁྲིམས་འགན་སྡེ་ཚན།རྩ་འཛུགས་གཞན་པ་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་བསྲུངས་ཏེ།དཔལ་འབྱོར་སྤྱི་ཚོགས་བརྡ་འཕྲིན་ཅན་དུ་བདེ་བླག་ངང་འཕེལ་བར་སྐུལ་འདེད་གཏོང་ཕྱིར་གཏལ་ཕབ་པ་ཡིན།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས༢༠༡༦ལོའི་ཟླ༡༡ པའི་ཚེས༧ཉིན་ལ་བསྒྲགས་ཤིང་།༢༠༡༧ལོའི་ཟླ༦པའི་ཚེས༡ཉིན་ནས་བཟུང་དངོས་སུ་ལག་ཏུ་བསྟར།
དཀར་ཆག
ལེའུ་དང་བོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། དྲ་བའི་བདེ་འཇགས་སྐོར་གྱི་རྒྱབ་སྐྱོར་དང་སྐུལ་འདེད།
ལེའུ་གསུམ་པ། དྲ་བའི་འཁོར་སྐྱོད་བདེ་འཇགས།
ས་བཅད་དང་བོ། སྤྱིར་བཏང་གི་གཏན་འབེབས།
ས་བཅད་གཉིས་པ། བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་འཁོར་སྐྱོད་བདེ་འཇགས།
ལེའུ་བཞི་བ། དྲ་བའི་བརྡ་འཕྲིན་བདེ་འཇགས།
ལེའུ་ལྔ་བ། ཚད་ལེན་བག་ཟོན་དང་བབ་བསྟུན་ཐག་གཅོད།
ལེའུ་དྲུག་པ། བཅའ་ཁྲིམས་འགན་འཁྲི།
ལེའུ་བདུན་པ། ཞར་བྱུང་དོན་ཚན།
         ལེའུ་དང་བོ། སྤྱིའི་རྩ་དོན།
        དོན་ཚན་དང་བོ།དྲ་བའི་བདེ་འཇགས་འགན་བླངས་ཏེ།དྲ་མཐོངས་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས།སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་བཅས་སྲུང་སྐྱོང་སྒོས།སྤྱི་དམངས་དང་ཁྲིམས་འགན་སྡེ་ཚན།རྩ་འཛུགས་གཞན་པ་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་བསྲུངས་ཏེ།དཔལ་འབྱོར་སྤྱི་ཚོགས་བརྡ་འཕྲིན་ཅན་དུ་བདེ་བླག་ངང་འཕེལ་བར་སྐུལ་འདེད་གཏོང་ཕྱིར་བཅའ་ཁྲིམས་འདི་ཉིད་གཏན་ལ་ཕབ། 
        དོན་ཚན་གཉིས་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་དྲ་བ་འཛུགས་སྐྱོང་དང་བདག་གཉེར།སྲུང་སྐྱོང་།བེད་སྤྱོད་བཅས་སུ་གཏོང་བ་དང་།དྲ་བའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་བཅའ་ཁྲིམས་འདི་ཉིད་ལག་བསྟར་བྱེད་རྒྱུ།
        དོན་ཚན་གསུམ་པ།རྒྱལ་ཁབ་ཀྱིས་དྲ་བའི་བདེ་འཇགས་དང་བརྡ་འཕྲིན་ཅན་གྱི་འཕེལ་རྒྱས་ གཙིགས་སུ་འཛིན་པ་རྒྱུན་འཁྱོངས་སྒོས།ལེགས་པར་སྤྱོད་ཅིང་ཚན་རིག་ལྟར་འཕེལ་བ།ཁྲིམས་ལྟར་དོ་དམ་དང་བདེ་འཇགས་འགན་ལེན་བཅས་ཀྱི་མཛད་ཕྱོགས་ལྟར།དྲ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྱོང་དང་དྲ་འབྲེལ་འཕྲིན་གཏོང་སྐུལ་སྤེལ་བྱེད་པ།དྲ་བའི་ལག་རྩལ་གསར་གཏོད་དང་བེད་སྤྱོད་ཐད་སྐུལ་ལྕག་དང་དྲ་བའི་བདེ་ སྲུང་འཇོན་མིའི་གསོ་སྐྱོང་ལ་རྒྱབ་སྐྱོར་སྒོས།དྲ་བའི་བདེ་འཇགས་འགན་ལེན་མ་ལག་ཆ་ཚང་བཙུགས་ཏེ།དྲ་བའི་བདེ་སྲུང་ནུས་པ་ཆེར་གཏོང་རྒྱུ།
        དོན་ཚན་བཞི་བ།རྒྱལ་ཁབ་ཀྱིས་དྲ་བའི་བདེ་འཇགས་འཐབ་ཇུས་གཏན་འབེབས་དང་རྒྱུན་མི་ཆད་པར་འཐུས་ཚང་བཏང་སྟེ།དྲ་བའི་བདེ་འཇགས་འགན་ལེན་གྱི་རྩ་བའི་བླང་བྱ་དང་དམིགས་ཡུལ་གཙོ་བོ་གསལ་ཆོད་སྒོས།གཙོ་གནད་ཁྱབ་ཁོངས་ཀྱི་དྲ་བའི་བདེ་འཇགས་སྲིད་ཇུས་དང་ལས་འགན།བྱེད་ཐབས་བཅས་འདོན་རྒྱུ།
        དོན་ཚན་ལྔ་བ།རྒྱལ་ཁབ་ཀྱིས་བྱེད་ཐབས་སྤེལ་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་ནང་གི་དྲ་བའི་བདེ་འཇགས་ཉེན་ཁ་དང་འཇིགས་སྐུལ་ལ་ལྟ་སྐུལ་དང་ཚད་ལེན།བཀག་སྡོམ།ཐག་གཅོད་བཅས་བྱས་ཏེ། བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་ལ་དཔུང་འཇུག་དང་འཛུལ་རྒོལ། ཐེ་གཏོགས་དང་གཏོར་བརླག་སོགས་མི་ཐེབས་པར་བསྲུངས་ཏེ།ཁྲིམས་ལྟར་དྲ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་ཉེས་ཆད་བཅད་ནས། དྲ་མཐོངས་བདེ་འཇགས་དང་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ།
       དོན་ཚན་དྲུག་པ།རྒྱལ་ཁབ་ཀྱིས་དྲང་མོ་ཡིད་རྟོན་རུང་ཞིང་བདེ་བླག་ཡ་རབས་ཅན་གྱི་དྲ་གཉེར་སྤྱོད་ཚུལ་འདོན་སྤེལ་སྒོས།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྒྱུད་སྒྲོག་གནང་བར་སྐུལ་འདེད་གཏོང་ཞིང་།བྱེད་ཐབས་སྤེལ་ཏེ་སྤྱི་ཚོགས་ཡོངས་ཀྱི་དྲ་བའི་བདེ་འཇགས་འདུ་ཤེས་དང་ཆུ་ཚད་མཐོར་བཏང་སྟེ། སྤྱི་ཚོགས་ཡོངས་ནས་དྲ་བའི་བདེ་འཇགས་ལས་ཀར་ཞུགས་ཤིང་སྐུལ་འདེད་གཏོང་བའི་ཁོར་ཡུག་གང་ལེགས་བསྐྲུན་རྒྱུ།
       དོན་ཚན་བདུན་པ། རྒྱལ་ཁབ་ཀྱིས་དྲ་མཐོངས་ལེགས་བཅོས་དང་དྲ་བའི་ལག་རྩལ་གསར་སྤེལ། ཚད་གཞི་གཏན་འབེབས་དང་དྲ་བའི་ཁྲིམས་འགལ་ཉེས་རྡུང་སོགས་ཀྱི་རྒྱལ་སྤྱིའི་འབྲེལ་འདྲིས་དང་མཉམ་ལས་བྱེད་སྒོ་ཧུར་སྤེལ་སྒོས།ཞི་བདེ་དང་བདེ་འཇགས།སྒོ་འབྱེད།མཉམ་ལས་བཅས་ཀྱི་དྲ་མཐོངས་བསྐྲུན་པར་སྐུལ་འདེད་བྱས་ཏེ།འབྲེལ་སྣེ་མང་ཞིང་དམངས་གཙོ་ཡིན་ལ་གསལ་ཆ་ཆེ་བའི་དྲ་བའི་ལེགས་བཅོས་མ་ལག་འཛུགས་རྒྱུ།
       དོན་ཚན་བརྒྱད་པ། རྒྱལ་ཁབ་དྲ་འཕྲིན་སྡེ་ཁག་གིས་དྲ་བའི་བདེ་འཇགས་ལས་དོན་དང་། འབྲེལ་ཡོད་ལྟ་སྐུལ་དོ་དམ་ལས་དོན་ཐད་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གནང་བའི་འགན་འཁུར་བ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློག་འཕྲིན་གཙོ་གཉེར་སྡེ་ཁག་དང་སྤྱི་བདེའི་སྡེ་ཁགའབྲེལ་ཡོད་ལས་ཁུངས་གཞན་པ་བཅས་ཀྱིས་བཅའ་ཁྲིམས་འདི་ཉིད་དང་འབྲེལ་ཡོད་བཅའ་ཁྲིམས།སྲིད་འཛིན་ཁྲིམས་སྲོལ་བཅས་ཀྱི་གཏན་འབེབས་ལྟར།སོ་སོའི་ལས་འགན་གྱི་ཁྱབ་ཁོངས་སུ་དྲ་བའི་བདེ་འཇགས་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་ལས་ཀར་འགན་འཁུར་རྒྱུ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་དྲ་བའི་བདེ་ འཇགས་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་ལས་འགན་ནི།རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཏན་འཁེལ་བྱེད་རྒྱུ།
དོན་ཚན་དགུ་བ།དྲ་བ་འཛུགས་གཉེར་མཁན་གྱིས་བདག་གཉེར་དང་ཞབས་ཞུའི་བྱེད་སྒོ་སྤེལ་དགོས་ན།ངེས་པར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་བརྩི་ཞིང་།སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་ལ་བརྩི་བཀུར་བྱེད་པ།ཚོང་ལས་ཀུན་སྤྱོད་སྲུང་ཞིང་དྲང་བོ་ཡིད་རྟོན་འཕེར་བ།དྲ་བའི་བདེ་འཇགས་སྲུང་སྐྱོང་འོས་འགན་ལག་ཏུ་བསྟར་ཞིང་།སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་གྱིས་སྤྱི་ཚོགས་ལས་འགན་ཕྲག་ཏུ་ལེན་རྒྱུ།
        དོན་ཚན་བཅུ་བ།དྲ་བ་འཛུགས་སྐྱོང་དང་བདག་གཉེར་བྱེད་པའམ་ཡང་ན་དྲ་བ་བརྒྱུད་དེ་ཞབས་ཞུ་འདོན་སྤྲོད་བྱེད་པར།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་།རྒྱལ་ཁབ་ཀྱིས་ཚད་གཞིར་བཟུང་བའི་བཙན་ཤེད་རང་བཞིན་གྱི་བླང་བྱ་བཅས་ལྟར།ལག་རྩལ་གྱི་བྱེད་ཐབས་དང་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤེལ་ཏེ།དྲ་བའི་བདེ་འཇགས་དང་གཏན་འཇགས་བདག་གཉེར་འགན་ལེན་སྒོས། ནུས་ལྡན་ངང་དྲ་བའི་བདེ་འཇགས་ཀྱི་དོན་རྐྱེན་འབྱུང་བར་ཁ་གཏད་གཅོད་ཅིང་།དྲ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་བག་ཟོན་བྱས་ཏེ།དྲ་བའི་གཞི་གྲངས་ཀྱི་འཐུས་ཚང་རང་བཞིན་དང་གསང་རྒྱ་རང་བཞིན།སྤྱོད་འཐུས་རང་བཞིན་བཅས་ལེགས་པར་སྲུང་དགོས།
        དོན་ཚན་བཅུ་གཅིག་པ།དྲ་བའི་འབྲེལ་ཡོད་ལས་རིགས་རྩ་འཛུགས་ཀྱིས་སྒྲིག་སྲོལ་ལྟར།ལས་རིགས་ཀྱི་རང་སྡོམ་ཆེར་བཏང་སྟེ།དྲ་བའི་བདེ་འཇགས་སྤྱོད་ཚུལ་ཚད་ལྡན་དུ་གཏོང་ཞིང་།ཁོངས་མིས་དྲ་བའི་བདེ་འཇགས་སྲུང་ཤུགས་ཆེར་གཏོང་བར་མཛུབ་སྟོན་སྒོས།དྲ་བའི་བདེ་འཇགས་སྲུང་སྐྱོང་ཆུ་ཚད་མཐོར་བཏང་ནས། ལས་རིགས་བདེ་བླག་ངང་འཕེལ་བར་སྐུལ་འདེད་གཏོང་རྒྱུ།
        དོན་ཚན་བཅུ་གཉིས་པ།རྒྱལ་ཁབ་ཀྱིས་སྤྱི་དམངས་དང་ཁྲིམས་འགན་སྡེ་ཚན།རྩ་འཛུགས་གཞན་པ་བཅས་ཀྱི་དྲ་སྤྱོད་དབང་ཆ་སྲུང་སྐྱོང་སྒོས།དྲ་བ་ཁྱབ་གདལ་དུ་འགྲོ་བར་སྐུལ་འདེད་ཀྱིས་དྲ་བའི་ཞབས་ཞུའི་ཆུ་ཚད་མཐོར་བཏང་སྟེ།སྤྱི་ཚོགས་ལ་བདེ་འཇགས་དང་སྟབས་བདེ་ཅན་གྱི་དྲ་བའི་ཞབས་ཞུ་འདོན་སྤྲོད་བྱེད་ཅིང་།དྲ་བའི་བརྡ་འཕྲིན་ཁྲིམས་ལྟར་གོ་རིམ་ལྡན་པར་རང་མོས་ཀྱིས་འཁོར་སྐྱོད་ཡོང་བར་འགན་ལེན་རྒྱུ། མི་སྒེར་དང་རྩ་འཛུགས་གང་རུང་གིས་དྲ་བ་བེད་སྤྱོད་སྐབས་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་དགོས་ཏེ།སྤྱི་པའི་ སྒྲིག་ལམ་བརྩི་ཞིང་སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་ལ་བརྩི་བཀུར་བྱེད་པ་ལས།དྲ་བའི་བདེ་འཇགས་ལ་གནོད་སྐྱེལ་མི་རུང་ཞིང་། དྲ་བ་བེད་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཚན་སྙན། ཁེ་ཕན་བཅས་ལ་གནོད་སྐྱེལ་བ། རྒྱལ་ཁབ་ཀྱི་སྲིད་དབང་དཀྲུག་ཅིང་མགོ་རྟིང་སློག་པ།སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏོར་བ།རྒྱལ་ཁབ་ཁ་བྲལ་ཏུ་གཏོང་བར་དཀྲུག་ཤིང་རྒྱག་པ།རྒྱལ་ཁབ་ཀྱི་གཅིག་གྱུར་ལ་གཏོར་བརླག་བཟོ་བ།འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་འདོན་སྤེལ་གནང་བ།མི་རིགས་ཀྱི་ཞེ་འཁོན་དང་མཐོང་ཆུང་འདོན་སྤེལ་གཏོང་བ།དྲག་སྤྱོད་དང་འཆལ་སྤྱོད་ཀྱི་བརྡ་འཕྲིན་བརྒྱུད་སྒྲོག་བྱེད་པ།བརྡ་འཕྲིན་རྫུན་བཟོ་སྒོས་དཔལ་འབྱོར་སྒྲིག་ལམ་དང་སྤྱི་ཚོགས་སྒྲིག་ལམ་དཀྲུག་པ།མི་གཞན་གྱི་མཚན་སྙན་དང་གསང་བ།ཤེས་བྱའི་བདག་དབང་དང་ཁྲིམས་མཐུན་ཁེ་དབང་གཞན་པ་བཅས་ལ་གནོད་པའི་བྱེད་སྒོ་སོགས་སྤེལ་མི་རུང་།
       དོན་ཚན་བཅུ་གསུམ་པ།རྒྱལ་ཁབ་ཀྱིས་ནར་མ་སོན་པའི་བྱིས་པའི་འཚར་ལོངས་ལ་ཕན་པའི་དྲ་བའི་ཐོན་རྫས་དང་ཞབས་ཞུ་གསར་སྤེལ་གནང་བར་རྒྱབ་སྐྱོར་སྒོས།དྲ་བ་སྤྱད་དེ་ནར་མ་སོན་པའི་བྱིས་པའི་ལུས་སེམས་ཀྱི་བདེ་ཐང་ལ་གནོད་པའི་བྱེད་སྒོ་སྤེལ་བར་ཁྲིམས་ལྟར་ཉེས་ཆད་བཅད་དེ།ནར་མ་སོན་པའི་བྱིས་པར་བདེ་འཇགས་དང་བདེ་ཐང་ཅན་གྱི་དྲ་བའི་ཁོར་ཡུག་འདོན་སྤྲོད་བྱེད་རྒྱུ།
       དོན་ཚན་བཅུ་བཞི་བ།མི་སྒེར་དང་རྩ་འཛུགས་གང་རུང་ལ་དྲ་བའི་བདེ་འཇགས་ལ་གནོད་པའི་སྤྱོད་ཚུལ་སོགས་དྲ་འཕྲིན་དང་གློག་འཕྲིན།སྤྱི་བདེ་སོགས་སྡེ་ཁག་ལ་ཐེར་ཞུ་བྱེད་པའི་དབང་ཆ་ཡོད།ཐེར་ཞུ་ བདག་སྤྲོད་སྡེ་ཁག་གིས་དུས་ཐོག་ཏུ་ཁྲིམས་ལྟར་ཐག་གཅོད་ཅིང་།སྡེ་ཁག་གང་དེའི་འགན་དབང་དུ་མ་གཏོགས་ན། དུས་ལྟར་ཐག་གཅོད་དབང་ཆ་ལྡན་པའི་སྡེ་ཁག་ལ་བརྒྱུད་སྤྲོད་བྱེད་དགོས།
      འབྲེལ་ཡོད་སྡེ་ཁག་གིས་ཐེར་ཞུ་མི་སྣས་ཞུས་པའི་འབྲེལ་ཡོད་བརྡ་འཕྲིན་གསང་རྒྱ་བྱས་ཏེ། ཐེར་ཞུ་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
       ལེའུ་གཉིས་པ། དྲ་བའི་བདེ་འཇགས་སྐོར་གྱི་རྒྱབ་སྐྱོར་དང་སྐུལ་འདེད།
      དོན་ཚན་བཅོ་ལྔ་བ།རྒྱལ་ཁབ་ཀྱིས་དྲ་བའི་བདེ་འཇགས་ཚད་གཞིའི་མ་ལག་འཐུས་ཚང་འཛུགས་ཤིང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་ལྡན་ཅན་དུ་བསྒྱུར་བའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་ངོས་ཀྱི་ལས་འགན་ལྟར།འབྲེལ་ཡོད་དྲ་བའི་བདེ་འཇགས་དོ་དམ་དང་དྲ་བའི་ཐོན་རྫས་དང་ཞབས་ཞུ།འཛུགས་སྐྱོང་བདེ་འཇགས་བཅས་ཐད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ དང་ལས་རིགས་ཀྱི་ཚད་གཞི་གཏན་འབེབས་གནང་བར་མ་ཟད། དུས་དང་མཐུན་པར་དག་བཅོས་བྱེད་རྒྱུ།རྒྱལ་ཁབ་ཀྱིས་ཁེ་ལས་དང་ཞིབ་འཇུག་སྡེ་ཁགམཐོ་རིམ་སློབ་གྲྭ་དང་དྲ་བའི་འབྲེལ་ཡོད་ལས་རིགས་རྩ་འཛུགས་བཅས་ནི།དྲ་བའི་བདེ་འཇགས་ཐད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་གཏན་འབེབས་ལས་ཀར་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ།
      དོན་ཚན་བཅུ་དྲུག་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་དང་རང་སྐྱོང་ཁུལ།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་དང་དངུལ་གཏོང་ཆེར་བཏང་སྟེ།གཙོ་གནད་དྲ་བའི་བདེ་འཇགས་ཀྱི་ལག་རྩལ་ཐོན་ལས་དང་རྣམ་གྲངས་ལ་རོགས་སྐྱོར་དང་།དྲ་བའི་བདེ་འཇགས་ལག་རྩལ་ལ་ཞིབ་འཇུག་དང་གསར་སྤེལ།བེད་སྤྱོད་བཅས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ།བདེ་འཇགས་ཡིན་ལ་ཡིད་རྟོན་རུང་བའི་དྲ་བའི་ཐོན་རྫས་དང་ཞབས་ཞུ་ཁྱབ་གདལ་གཏོང་ཞིང་།དྲ་བའི་ལག་རྩལ་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཅིང་།ཁེ་ལས་དང་ཞིབ་འཇུག་སྡེ་ཁགམཐོ་རིམ་སློབ་གྲྭ་བཅས་ནི་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་ལག་རྩལ་གསར་གཏོད་རྣམ་གྲངས་སུ་ཞུགས་པར་རྒྱབ་སྐྱོར་བྱེད་དགོས།
      དོན་ཚན་བཅུ་བདུན་པ།རྒྱལ་ཁབ་ཀྱིས་དྲ་བའི་བདེ་འཇགས་སྤྱི་ཚོགས་ཅན་དུ་བསྒྱུར་བའི་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་སྒོས།འབྲེལ་ཡོད་ཁེ་ལས་དང་སྡེ་ཁག་གིས་དྲ་བའི་བདེ་འཇགས་ར་སྤྲོད་ དང་ཚད་ལེན། ཉེན་ཁའི་ཚོད་དཔག་སོགས་བདེ་འཇགས་ཞབས་ཞུ་སྒྲུབ་པར་སྐུལ་མ་གཏོང་རྒྱུ།
      དོན་ཚན་བཅོ་བརྒྱད་པ།རྒྱལ་ཁབ་ཀྱིས་དྲ་བའི་གཞི་གྲངས་བདེ་འཇགས་སྲུང་སྐྱོང་དང་བེད་སྤྱོད་ལག་རྩལ་གསར་སྤེལ་གནང་བར་སྐུལ་མ་གནང་སྟེ།སྤྱི་པའི་གཞི་གྲངས་ཀྱི་ཐོན་ཁུངས་སྒོ་འབྱེད་བྱེད་པར་སྐུལ་ འདེད་སྒོས།ལག་རྩལ་གསར་གཏོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་བར་སྐུལ་འདེད་གཏོང་རྒྱུ།རྒྱལ་ཁབ་ཀྱིས་དྲ་བའི་བདེ་འཇགས་དོ་དམ་ཐབས་ལམ་གསར་གཏོད་སྒོས། དྲ་བའི་ལག་རྩལ་གསར་བ་བེད་སྤྱད་ནས། དྲ་བའི་བདེ་འཇགས་སྲུང་སྐྱོང་ཆུ་ཚད་མཐོར་འདེགས་པར་རྒྱབ་སྐྱོར་བྱེད་རྒྱུ།
      དོན་བཅུ་དགུ་བ།རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱུན་ལྡན་རང་བཞིན་གྱི་སྒོ་ནས་དྲ་བའི་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་བར་མ་ཟད།འབྲེལ་ཡོད་སྡེ་ཁག་གིས་དྲ་བའི་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོའི་ལས་དོན་ལེགས་སྒྲུབ་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་གནང་དགོས།མང་ཚོགས་རང་བཞིན་གྱི་བརྒྱུད་སྒྲོག་སྨྱན་སྦྱོར་གྱིས་ཁ་གཏད་རང་བཞིན་གྱི་ལམ་ནས།སྤྱི་ཚོགས་ལ་དྲ་ བའི་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་དགོས།
      དོན་ཚན་ཉི་ཤུ་བ། རྒྱབ་ཁབ་ཀྱིས་ཁེ་ལས་དང་མཐོ་རིམ་སློབ་གྲྭ། ལས་རིགས་སློབ་གྲྭ་སོགས། སློབ་གསོ་དང་གསོ་སྦྱོང་སྡེ་ཁག་གིས་དྲ་བའི་བདེ་འཇགས་ཀྱི་འབྲེལ་ཡོད་སློབ་གསོ་དང་གསོ་སྦྱོང་བྱེད་སྒོ་སྤེལ་ཞིང་།ཐབས་ལམ་སྣ་ཚོགས་ཀྱིས་དྲ་བའི་བདེ་འཇགས་ལ་མཁས་པའི་འཇོན་མི་གསོ་སྐྱོང་སྒོས།དྲ་བའི་བདེ་འཇགས་ཐད་ཀྱི་འཇོན་མིའི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ།
       ལེའུ་གསུམ་པ། དྲ་བའི་འཁོར་སྐྱོད་བདེ་འཇགས།
       ས་བཅད་དང་བོ། སྤྱིར་བཏང་གི་གཏན་འབེབས།
       དོན་ཚན་ཉེར་གཅིག་པ།རྒྱལ་ཁབ་ཀྱིས་དྲ་བའི་བདེ་འཇགས་རིམ་པའི་སྲུང་སྐྱོང་ལམ་ལུགས་ལག་ཏུ་བསྟར་ཞིང་།དྲ་བ་འཛུགས་གཉེར་མཁན་གྱིས་དྲ་བའི་བདེ་འཇགས་རིམ་པའི་སྲུང་སྐྱོང་ལམ་ལུགས་ཀྱི་བླང་བྱ་ལྟར།གཤམ་གསལ་གྱི་བདེ་འཇགས་སྲུང་སྐྱོང་གི་འོས་འགན་ལག་བསྟར་སྒོས།དྲ་བར་ཐེ་གཏོགས་དང་གཏོར་ བརླག་ཐེབས་ཤིང་མཆན་སྤྲོད་མེད་པའི་དྲ་འཇུག་སོགས་ལས་གཡོལ་བར་འགན་བླངས་ནས།དྲ་བའི་གཞི་གྲངས་ཕྱིར་འཆོར་བའམ་ཡང་ན་རྐུ་ཁྱེར་དང་ལོག་འགྲེལ་བྱེད་པར་བཀག་འགོག་བྱེད་དགོས་ཏེ།
       ﹙གཅིག﹚ནང་ཁུལ་གྱི་བདེ་འཇགས་དོ་དམ་ལམ་ལུགས་དང་བཀོལ་སྤྱོད་སྒྲིག་སྲོལ་བཙུགས་ཏེ།དྲ་བའི་བདེ་འཇགས་ཀྱི་འགན་འཁུར་བ་གཏན་འཁེལ་སྒོས།དྲ་བའི་བདེ་འཇགས་སྲུང་སྐྱོང་ལས་འགན་དོན་དུ་འཁྱོལ་བ།
       ﹙གཉིས﹚རྩིས་འཁོར་གྱི་ནད་དུག་དང་དྲ་ཐོག་དཔུང་འཇུག  དྲ་ཐོག་འཛུལ་རྒོལ་སོགས་དྲ་བའི་བདེ་འཇགས་ལ་གནོད་པའི་སྤྱོད་ཚུལ་སྔོན་འགོག་བྱེད་པའི་ལག་རྩལ་ཐབས་ལམ་སྤྱད་པ།
       ﹙གསུམ﹚དྲ་བའི་བཀོལ་སྤྱོད་གནས་ཚུལ་དང་དྲ་བའི་བདེ་འཇགས་དོན་རྐྱེན་ལ་ལྟ་སྐུལ་ཚད་ལེན་དང་ཐོ་འགོད་བྱེད་པའི་ཐབས་ལམ་སྤྱད་དེ།གཏན་འབེབས་ལྟར་ཟླ་བ་དྲུག་ལས་མི་ཉུང་བའི་འབྲེལ་ཡོད་དྲ་བའི་ཉིན་ཐོ་ཉར་ཚགས་བྱེད་པ།
       ﹙བཞི﹚གཞི་གྲངས་རིགས་དབྱེ་དང་གཞི་གྲངས་གལ་ཆེན་རིགས་གྲབས་ཉར་བྱེད་ཅིང་། གསང་ཨང་བཟོ་བ་སོགས་ཀྱི་བྱེད་ཐབས་སྤེལ་བ།
       ﹙ལྔ﹚བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་འབེབས་གནང་བའི་འོས་འགན་གཞན་དག་བཅས་སོ། །
        དོན་ཚན་ཉེར་གཉིས་པ།དྲ་བའི་ཐོན་རྫས་དང་ཞབས་ཞུ་ནི་རྒྱལ་ཁབ་ཀྱིས་བཏོན་པའི་འབྲེལ་ཡོད་ཚད་གཞིའི་བཙན་ཤེད་རང་བཞིན་གྱི་བླང་བྱར་མཐུན་དགོས།དྲ་བའི་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་མཁན་གྱིས་བསམ་ངན་གྱི་ཨང་སྒྲིག་བཟོ་མི་རུང་ཞིང་།དྲ་བའི་ཐོན་རྫས་དང་ཞབས་ཞུ་གང་དེའི་བདེ་འཇགས་ལ་གནོད་པའི་ཉེན་ཁ་སོགས་ཡོད་པར་རྟོགས་ན།འཕྲལ་མར་གསབ་སྐྱོབ་ཀྱི་བྱེད་ཐབས་སྤེལ་ཏེ།གཏན་འབེབས་ལྟར་དུས་ཐོག་ཏུ་བཀོལ་སྤྱོད་མཁན་ལ་བརྡ་སྤྲོད་པར་མ་ཟད།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།དྲ་བའི་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་མཁན་གྱིས་ཐོན་རྫས་དང་ཞབས་ཞུ་གང་དེར་རྒྱུན་མི་ཆད་པར་བདེ་འཇགས་སྲུང་སྐྱོང་འདོན་སྤྲོད་བྱེད་དགོས་ཤིང་།གཏན་འབེབས་སམ་ཡང་ན་དོ་བདག་བར་ཁ་ཆད་ བྱས་པའི་དུས་བཅད་ནང་།བདེ་འཇགས་སྲུང་སྐྱོང་འདོན་སྤྲོད་བྱེད་པའི་མཚམས་འཇོག་མི་རུང་།དྲ་བའི་ཐོན་རྫས་དང་ཞབས་ཞུ་ལ་བཀོལ་སྤྱོད་མཁན་གྱི་བརྡ་འཕྲིན་བསྡུ་ལེན་བྱེད་པའི་བྱེད་ནུས་ལྡན་ན།འདོན་སྤྲོད་མཁན་གྱིས་བཀོལ་སྤྱོད་མཁན་ལ་གསལ་བཤད་ཀྱིས་འཐད་པ་ཡོད་དུ་འཇུག་དགོས།བཀོལ་སྤྱོད་མཁན་གྱི་མི་སྒེར་གྱི་ བརྡ་འཕྲིན་དང་འབྲེལ་ན།བཅའ་ཁྲིམས་འདི་ཉིད་དང་འབྲེལ་ཡོད་བཅའ་ཁྲིམས།སྲིད་འཛིན་ཁྲིམས་སྲོལ་བཅས་ལས་བཏོན་པའི་མི་སྒེར་གྱི་བརྡ་འཕྲིན་སྲུང་སྐྱོང་སྐོར་གྱི་གཏན་འབེབས་བརྩི་སྲུང་བྱེད་དགོས།
       དོན་ཚན་ཉེར་གསུམ་པ།དྲ་བའི་གནད་འགག་སྒྲིག་ཆས་དང་དྲ་བའི་བདེ་འཇགས་ཀྱི་ཆེད་སྤྱོད་ཐོན་རྫས་ནི།རྒྱལ་ཁབ་ཀྱིས་བཏོན་པའི་ཚད་གཞིའི་བཙན་ཤེད་རང་བཞིན་གྱི་འབྲེལ་ཡོད་བླང་བྱ་ལྟར།ཐོབ་ཐང་ལྡན་པའི་ལས་ཁུངས་ཀྱི་བདེ་འཇགས་ར་སྤྲོད་ཚད་གཞིར་མཐུན་པའམ།ཡང་ན་བདེ་འཇགས་ཚད་ལེན་གྱི་བླང་བྱར་མཐུན་རྗེས།ད་གཟོད་ཕྱིར་འཚོང་ངམ་འདོན་སྤྲོད་བྱེད་ཆོགརྒྱལ་ཁབ་དྲ་འཕྲིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་དྲ་བའི་གནད་འགག་སྒྲིག་ཆས་དང་།དྲ་བའི་བདེ་འཇགས་ཀྱི་ཆེད་སྤྱོད་ཐོན་རྫས་ཀྱི་དཀར་ཆག་གཏན་འབེབས་དང་ཡོངས་སུ་བསྒྲགས་ཏེ།བདེ་འཇགས་ར་སྤྲོད་དང་བདེ་འཇགས་ཚད་ལེན་གཉིས་ཕན་ཚུན་གཅིག་མཐུན་ཡོང་བར་སྐུལ་འདེད་སྒོས།ར་སྤྲོད་དང་ཚད་ལེན་བསྐྱར་ཟློས་འབྱུང་བར་གཡོལ་དགོས།
       དོན་ཚན་ཉེར་བཞི་བ།དྲ་བ་འཛུགས་གཉེར་མཁན་གྱིས་བཀོལ་སྤྱོད་མཁན་ལ་དྲ་བ་མཐུད་སྦྲེལ་དང་དྲ་མིང་ཐོ་འགོད་ཞབས་ཞུ་སྒྲུབ་སྐབས།གཏན་འཇགས་ཁ་པར་དང་སྤོ་འཕྲིན་ཁ་པར་གྱི་ཨང་གྲངས་སྟེར་བ་སོགས་ཀྱི་ལམ་ནས་དྲ་འཇུག་འགྲོ་སྲོལ་སྒྲུབ་པའམ།ཡང་ན་བཀོལ་སྤྱོད་མཁན་ལ་བརྡ་འཕྲིན་ཁྱབ་སྒྲོག་དང་སྐབས་ཐོག་འཕྲིན་གཏོང་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།བཀོལ་སྤྱོད་མཁན་གྱི་བར་ཆོད་ཡིག་འཇོག་པའམ་ཡང་ན་ཞབས་ཞུའི་འདོན་སྤྲོད་གསལ་ཆོད་བྱེད་སྐབས།བཀོལ་སྤྱོད་མཁན་གྱིས་དོན་དམ་གྱི་ཐོབ་ཐོང་བརྡ་འཕྲིན་འདོན་སྤྲོད་བྱེད་དུ་འཇུག་དགོས།བཀོལ་སྤྱོད་མཁན་གྱིས་དོན་དམ་གྱི་ཐོབ་ཐང་བརྡ་འཕྲིན་འདོན་སྤྲོད་མ་བྱས་ན། དྲ་བ་འཛུགས་གཉེར་མཁན་གྱིས་གང་དེར་འབྲེལ་ཡོད་ཞབས་ཞུ་འདོན་སྤྲོད་བྱེད་མི་ཆོག
རྒྱལ་ཁབ་ཀྱིས་དྲ་བའི་ཡིད་རྟོན་ཐོབ་ཐང་འཛུགས་པའི་འཐབ་ཇུས་ལག་ཏུ་བསྟར་ཏེ།བདེ་འཇགས་ཡིན་ལ་སྟབས་བདེ་ཅན་གྱི་གློག་རྡུལ་ཐོབ་ཐང་ར་སྤྲོད་ལག་རྩལ་ལ་ཞིབ་འཇུག་དང་གསར་སྤེལ་གནང་བར་རྒྱབ་སྐྱོར་སྒོས།གློག་རྡུལ་ཐོབ་ཐང་ར་སྤྲོད་མི་འདྲ་བའི་བར་ཕན་ཚུན་ཁས་ལེན་ཡོང་བར་སྐུལ་འདེད་གཏོང་རྒྱུ།
       དོན་ཚན་ཉེར་ལྔ་བ།དྲ་བ་འཛུགས་གཉེར་མཁན་གྱིས་དྲ་བའི་བདེ་འཇགས་དོན་རྐྱེན་ཐད་ཀྱི་བབ་བསྟུན་སྔོན་ཇུས་བཟོས་ཏེ།དུས་ལྟར་མ་ལག་གི་ཞན་ཆ་དང་རྩིས་འཁོར་གྱི་ནད་དུགདྲ་ཐོག་དཔུང་འཇུག་དང་འཛུལ་རྒོལ་སོགས་ཀྱི་ཉེན་ཁ་སེལ་ཞིང་།དྲ་བའི་བདེ་འཇགས་ལ་གནོད་པའི་དོན་རྐྱེན་འབྱུང་སྐབས།འཕྲལ་མར་བབ་བསྟུན་སྔོན་ཇུས་ལག་ཏུ་བསྟར་ཏེ་འོས་འཚམ་གྱི་གསབ་སྐྱོབ་བྱེད་ཐབས་སྤེལ་བར་མ་ཟད།གཏན་འབེབས་ལྟར་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།
       དོན་ཚན་ཉེར་དྲུག་པ།དྲ་བའི་བདེ་འཇགས་ར་སྤྲོད་དང་ཚད་ལེན།ཉེན་ཁར་ཚོད་དཔག་གནང་བ་བཅས་ཀྱི་བྱེད་སྒོ་སྤེལ་སྐབས།མ་ལག་གི་ཞན་ཆ་དང་རྩིས་འཁོར་གྱི་ནད་དུགདྲ་ཐོག་དཔུང་འཇུག་དང་འཛུལ་རྒོལ་བྱུང་བ་སོགས།དྲ་བའི་བདེ་འཇགས་ཀྱི་བརྡ་འཕྲིན་སྤྱི་ཚོགས་ལ་བསྒྲགས་ཏེ།རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱེད་དགོས།
       དོན་ཚན་ཉེར་བདུན་པ།མི་སྒེར་དང་རྩ་འཛུགས་གང་རུང་གིས་ཁྲིམས་འགལ་ངང་གཞན་གྱི་དྲ་ཐོག་ལ་འཛུལ་རྒོལ་དང་དྲ་བའི་རྒྱུན་ལྡན་བྱེད་ནུས་ལ་ཐེ་གཏོགས་བྱེད་པ།དྲ་བའི་གཞི་གྲངས་རྐུ་ཁྱེར་བྱེད་པ་སོགས།དྲ་བའི་བདེ་འཇགས་ལ་གནོད་པའི་བྱེད་སྒོ་སྤེལ་མི་རུང་།དྲ་ཐོག་ལ་འཛུལ་རྒོལ་དང་དྲ་བའི་རྒྱུན་ལྡན་བྱེད་ནུས་ལ་ཐེ་གཏོགས་བྱེད་པ།འགོག་སྲུང་ཐབས་ལམ་དང་དྲ་བའི་གཞི་གྲངས་རྐུ་ཁྱེར་སོགས།དྲ་བའི་བདེ་འཇགས་ལ་གནོད་པའི་ཆེད་སྤྱོད་ཨང་སྒྲིག་དང་ཡོ་བྱད་འདོན་སྤྲོད་བྱེད་མི་རུང་།མི་གཞན་གྱིས་དྲ་བའི་བདེ་འཇགས་ལ་གནོད་པའི་བྱེད་སྒོ་སྤེལ་བའི་ཚུལ་རིག་ན།གང་དེར་ལག་རྩལ་གྱི་རྒྱབ་སྐྱོར་དང་བརྡ་ཁྱབ་ཁྱབ་གདལ།གཏོང་སྤྲོད་རྩིས་རྒྱག་སོགས་ཀྱི་རོགས་རམ་གནང་མི་རུང་།
       དོན་ཚན་ཉེར་བརྒྱད་པ།དྲ་བ་འཛུགས་གཉེར་མཁན་གྱིས་སྤྱི་བདེའི་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར།རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་ཉེས་ཅན་རྩད་ཞིབ་བྱེད་པའི་བྱེད་སྒོ་སྤེལ་བར་ལག་རྩལ་གྱི་རྒྱབ་སྐྱོར་དང་རམ་འདེགས་འདོན་སྤྲོད་བྱེད་དགོས།
       དོན་ཚན་ཉེར་དགུ་བ།རྒྱལ་ཁབ་ཀྱིས་དྲ་བ་འཛུགས་གཉེར་མཁན་ཕན་ཚུན་བར་དྲ་བའི་བདེ་འཇགས་བརྡ་འཕྲིན་འཚོལ་བསྡུ་དང་དབྱེ་ཞིབ།བརྡ་ཁྱབ་དང་བབ་བསྟུན་ཐག་གཅོད་སོགས་ཀྱི་ཕྱོགས་ནས་མཉམ་འབྲེལ་གནང་བར་རྒྱབ་སྐྱོར་བྱས་ཏེ།དྲ་བ་འཛུགས་གཉེར་མཁན་གྱི་བདེ་འཇགས་འགན་ལེན་ནུས་པ་ཆེར་གཏོང་རྒྱུ།འབྲེལ་ཡོད་ལས་རིགས་རྩ་འཛུགས་ཀྱིས་ལས་རིགས་གང་དེའི་དྲ་བའི་བདེ་འཇགས་སྲུང་སྐྱོང་གི་ཚད་གཞི་དང་རམ་འདེགས་སྒྲིག་གཞི་འཐུས་ཚང་བཙུགས་ཏེ།དྲ་བའི་ཉེན་ཁའི་དབྱེ་ཞིབ་དང་ཚོད་དཔག་ཆེར་བཏང་ནས།དུས་བཅད་ལྟར་ཁོངས་མི་ལ་ཉེན་བརྡ་བཏང་སྟེ།ཁོངས་མིས་དྲ་བའི་བདེ་འཇགས་ཀྱི་ཉེན་ཁར་ཁ་གཏད་གཅོད་པར་རྒྱབ་སྐྱོར་དང་རམ་འདེགས་བྱེད་དགོས།
       དོན་ཚན་སུམ་ཅུ་བ།དྲ་འཕྲིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་དྲ་བའི་བདེ་འཇགས་སྲུང་སྐྱོང་ལས་འགན་འཁུར་བའི་གོ་རིམ་ཁྲོད་ལག་སོན་བྱུང་བའི་བརྡ་འཕྲིན་དགདྲ་བའི་བདེ་འཇགས་སྲུང་སྐྱོང་ཁོ་ནའི་ཐད་སྤྱོད་པ་ལས། སྤྱོད་ལམ་གཞན་པའི་ཐད་སྤྱོད་མི་ཆོག
       ས་བཅད་གཉིས་པ།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་འཁོར་སྐྱོད་བདེ་འཇགས།
       དོན་ཚན་སོ་གཅིག་པ། སྤྱི་པའི་འཕྲིན་གཏོང་དང་བརྡ་འཕྲིན་ཞབས་ཞུ། ནུས་ཁུངས། འགྲིམ་འགྲུལ། ཆུ་བེད།དངུལ་རྩ།སྤྱི་པའི་ཞབས་ཞུ།གློག་རྡུལ་སྲིད་དོན་སོགས་ལས་རིགས་དང་ཁྱབ་ཁོངས་གལ་ཆེན་རིགས་དང་། དེ་མིན་ལས་རིགས་དང་ཁྱབ་ཁོངས་གཞན་ལ་གཏོར་བརླག་ཐེབས་ཤིང་བྱེད་ནུས་ཤོར་བའམ།ཡང་ན་གཞི་གྲངས་ཕྱིར་ཤོར་ན།རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཇུས་དམངས་འཚོ།སྤྱི་པའི་ཁེ་ཕན་བཅས་ཀྱི་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་ལ་གནོད་སྐྱོན་ཚབས་ཆེན་འབྱུང་སྲིད་པས།རྒྱལ་ཁབ་ཀྱིས་དྲ་བའི་བདེ་འཇགས་རིམ་པའི་སྲུང་སྐྱོང་ལམ་ལུགས་ཀྱི་རྨང་གཞིའི་ཐོག དེ་ནི་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་ཞིབ་ཕྲའི་ཁྱབ་ཁོངས་དང་ བདེ་འཇགས་སྲུང་སྐྱོང་ཐབས་ལམ་གཏན་འབེབས་བྱེད་རྒྱུ།རྒྱལ་ཁབ་ཀྱིས་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་ཕུད།དྲ་བ་འཛུགས་གཉེར་མཁན་རང་མོས་ཀྱིས་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་སྲུང་སྐྱོང་མ་ལག་ཁྲོད་ཞུགས་པར་སྐུལ་མ་གཏོང་རྒྱུ།
       དོན་ཚན་སོ་གཉིས་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་ལས་འགན་གྱི་རིགས་དབྱེ་ལྟར། བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་བདེ་འཇགས་སྲུང་སྐྱོང་ལས་ཀའི་འགན་འཁུར་སྡེ་ཁག་གིས་སྒྲིག་ཁོངས་དབྱེ་འབྱེད་བྱེད་པར་མ་ཟད།ལས་རིགས་དང་ཁྱབ་ཁོངས་དེ་ཉིད་ཀྱི་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་བདེ་འཇགས་ལས་དོན་འཆར་འགོད་ལག་བསྟར་སྒོས།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་འཁོར་སྐྱོད་བདེ་འཇགས་སྲུང་སྐྱོང་ལས་ཀར་མཛུབ་སྟོན་དང་ལྟ་སྐུལ་གནང་རྒྱུ།
       དོན་ཚན་སོ་གསུམ་པ།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་སྐྲུན་བྱེད་སྐབས། གང་དེའི་རྒྱབ་སྐྱོར་བྱེད་སྒོ་བརྟན་ཞིང་རྒྱུན་མཐུད་འཁོར་སྐྱོད་བྱེད་ནུས་འགན་ལེན་དགོས་པར་མ་ཟད།དེ་དང་མཉམ་དུ་བདེ་འཇགས་ལག་རྩལ་ཐབས་ལམ་གྱི་འཆར་འགོད་དང་འཛུགས་སྐྲུན།བཀོལ་སྤྱོད་སོགས་བྱེད་ཐུབ་ པར་འགན་ལེན་དགོས།
       དོན་ཚན་སོ་བཞི་བ། བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཉེར་གཅིག་པའི་གཏན་འབེབས་ཕུད། བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་གཉེར་མཁན་གྱིས་ད་དུང་གཤམ་གསལ་གྱི་བདེ་འཇགས་སྲུང་སྐྱོང་འོས་འགན་དག་འཁུར་དགོས་ཏེ།
       ﹙གཅིག﹚ཆེད་དམིགས་བདེ་འཇགས་དོ་དམ་སྒྲིག་གཞི་དང་བདེ་འཇགས་དོ་དམ་འགན་འཁུར་བ་ཇུས་འགོད་བྱས་ཏེ།འགན་འཁུར་བ་གང་དེ་དང་ལས་གནས་གནད་འགག་ཅན་གྱི་མི་སྣའི་བདེ་འཇགས་ཐད་ཀྱི་རྒྱབ་ལྗོངས་ཞིབ་བཤེར་བྱེད་པ།
       ﹙གཉིས﹚དུས་བཅད་ལྟར་ལས་གཉེར་མི་སྣར་དྲ་བའི་བདེ་འཇགས་སློབ་གསོ་དང་ལག་རྩལ་གསོ་སྦྱོང་། ནུས་རྩལ་ཞིབ་དཔྱད་བཅས་བྱེད་པ།
       ﹙གསུམ﹚མ་ལག་གལ་ཆེན་དང་གཞི་གྲངས་ཀྱི་མཛོད་དག་གནོད་ཚུགས་ཡོང་བར་གྲབས་ཉར་བྱེད་པ།
       ﹙བཞི﹚དྲ་བའི་བདེ་འཇགས་དོན་རྐྱེན་ཐད་བབ་བསྟུན་སྔོན་ཇུས་བཟོས་ཏེ། དུས་བཅད་ལྟར་སྦྱོང་བརྡར་བྱེད་པ།
       ﹙ལྔ﹚བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་འབེབས་གནང་བའི་འོས་འགན་གཞན་དག་བཅས་སོ།།
        དོན་ཚན་སོ་ལྔ་བ།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་གཉེར་མཁན་གྱིས་དྲ་བའི་ཐོན་རྫས་དང་ཞབས་ཞུ་ཉོ་སྒྲུབ་བྱེད་སྐབས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ངན་རྐྱེན་བཟོ་སྲིད་པས། རྒྱལ་ཁབ་དྲ་འཕྲིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རྩ་འཛུགས་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཞིབ་བཤེར་ལས་ཀའི་ཆོག་མཆན་འཐོབ་དགོས།
        དོན་ཚན་སོ་དྲུག་པ།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་གཉེར་ མཁན་གྱིས་དྲ་བའི་ཐོན་རྫས་དང་ཞབས་ཞུ་ཉོ་སྒྲུབ་བྱེད་སྐབས།གཏན་འབེབས་ལྟར་འདོན་སྤྲོད་མཁན་གྱི་བར་བདེ་འཇགས་གསང་ཡིག་བཞག་སྟེ།བདེ་འཇགས་དང་གསང་རྒྱའི་འོས་འགན་དང་འགན་འཁྲི་གསལ་ཆོད་བྱེད་དགོས།
        དོན་ཚན་སོ་བདུན་པ།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་གཉེར་མཁན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་དྲ་བ་འཛུགས་གཉེར་བྱེད་པའི་གོ་རིམ་ཁྲོད། མི་སྒེར་གྱི་བརྡ་འཕྲིན་དང་གཞི་གྲངས་གལ་ཆེན་རིགས་འཚོལ་བསྡུ་བྱས་པ་དག་མངའ་ཁོངས་རང་གནས་སུ་ཉར་ཚགས་བྱེད་དགོས། བྱེད་སྒོའི་དགོས་དབང་གིས་མངའ་ཁོངས་ཀྱི་ཕྱི་ལ་འདོན་སྤྲོད་བྱེད་དགོས་ན། རྒྱལ་ཁབ་དྲ་འཕྲིན་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ལྷན་དུ་བཏོན་པའི་ཐབས་ལམ་ལྟར་བདེ་འཇགས་ལ་ཚོད་དཔག་བྱེད་དགོས།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་དམིགས་བསལ་གྱི་གཏན་འབེབས་གཞན་ཡོད་ན། གཏན་འབེབས་དེ་ཉིད་ལྟར་བྱེད་དགོས།
        དོན་ཚན་སོ་བརྒྱད་པ།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་གཉེར་མཁན་གྱིས་རང་འགུལ་ལམ། ཡང་ན་དྲ་བའི་བདེ་འཇགས་ཞབས་ཞུའི་ལས་ཁུངས་ལ་མངག་བཅོལ་སྒོས། དྲ་བ་གང་དེའི་བདེ་འཇགས་རང་བཞིན་དང་འབྱུང་སྲིད་པའི་ཉེན་ཁར།ལོ་རེ་བཞིན་མ་མཐར་ཡང་ཚད་ལེན་ དང་ཚོད་དཔག་ཐེངས་རེ་བྱེད་དགོས་པར་མ་ཟད།ཚད་ལེན་དང་ཚོད་དཔག་གི་གནས་ཚུལ་དང་ལེགས་སྒྱུར་ ཐབས་ལམ་དག་འབྲེལ་ཡོད་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་བདེ་འཇགས་སྲུང་སྐྱོང་ལས་ཀའི་འགན་འཁུར་སྡེ་ཁག་ལ་སྙན་འབུལ་བྱེད་དགོས།
        དོན་ཚན་སོ་དགུ་བ།རྒྱལ་ཁབ་དྲ་འཕྲིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་གིས་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་གཤམ་གསལ་གྱི་བྱེད་ཐབས་སྤེལ་བར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་དགོས་ཏེ།
       ﹙གཅིག﹚བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་བདེ་འཇགས་ཀྱི་ཉེན་ཁར་འདེམས་བཤེར་དང་ཚད་ལེན་གྱིས་ལེགས་སྒྱུར་ཐབས་ལམ་འདོན་ཞིང་།དགོས་ངེས་ཡོད་ན་དྲ་བའི་བདེ་འཇགས་ཞབས་ཞུའི་ལས་ཁུངས་ཀྱིས་དྲ་བའི་བདེ་འཇགས་ཀྱི་ཉེན་ཁར་ཚད་ལེན་དང་ཚོད་དཔག་གནང་བར་མངག་བཅོལ་བྱེད་ཆོག
       ﹙གཉིས﹚དུས་བཅད་ལྟར་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་གཉེར་མཁན་རྩ་འཛུགས་བྱས་ཏེ།དྲ་བའི་བདེ་འཇགས་སྐོར་གྱི་བབ་བསྟུན་སྦྱོང་བརྡར་བྱས་ནས།དྲ་བའི་བདེ་འཇགས་ཀྱི་དོན་རྐྱེན་ལ་ཁ་གཏད་གཅོད་པའི་ཆུ་ཚད་དང་མཐུན་སྦྱོར་རམ་འདེགས་ནུས་པ་ཆེར་གཏོང་བ།
       ﹙གསུམ﹚འབྲེལ་ཡོད་སྡེ་ཁག་དང་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་གཉེར་མཁན།འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་དང་དྲ་བའི་བདེ་འཇགས་ཞབས་ཞུ་ལས་ཁུངས་སོགས་བར་གྱི་དྲ་བའི་བདེ་འཇགས་བརྡ་འཕྲིན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ།
       ﹙བཞི﹚དྲ་བའི་བདེ་འཇགས་དོན་རྐྱེན་གྱི་བབ་བསྟུན་ཐག་གཅོད་དང་དྲ་བའི་བྱེད་ནུས་སླར་གསོ་སོགས་ལ། ལག་རྩལ་གྱི་རྒྱབ་སྐྱོར་དང་རམ་འདེགས་འདོན་སྤྲོད་བྱེད་པ་བཅས་སོ། །
        ལེའུ་བཞི་བ། དྲ་བའི་བརྡ་འཕྲིན་བདེ་འཇགས།
        དོན་ཚན་བཞི་བཅུ་བ།དྲ་བ་འཛུགས་གཉེར་མཁན་གྱིས་བཀོལ་སྤྱོད་མཁན་གྱི་བརྡ་འཕྲིན་འཚོལ་བསྡུ་བྱས་པ་གང་དེ་གསང་རྒྱ་ནན་མོར་བྱས་ཏེ།བཀོལ་སྤྱོད་མཁན་གྱི་བརྡ་འཕྲིན་སྲུང་སྐྱོང་ལམ་ལུགས་འཐུས་ཚང་འཛུགས་དགོས།
        དོན་ཚན་ཞེ་གཅིག་པ།དྲ་བ་འཛུགས་གཉེར་མཁན་གྱིས་མི་སྒེར་གྱི་བརྡ་འཕྲིན་འཚོལ་བསྡུ་དང་བེད་སྤྱོད་སྐབས། ཁྲིམས་མཐུན་དང་དྲང་བདེན། དགོས་ངེས་ཀྱི་རྩ་དོན་བཅས་ལེགས་པར་བརྩིས་ཏེ། ཡོངས་གྲགས་འཚོལ་བསྡུ་དང་སྒྲིག་སྲོལ་བེད་སྤྱོད་པ།འཚོལ་བསྡུ་དང་བརྡ་འཕྲིན་བེད་སྤྱོད་ཀྱི་དམིགས་ཡུལ་དང་ཐབས་ལམ།ཁྱབ་ཁོངས་སོགས་མངོན་གསལ་ཆེ་དགོས་པར་མ་ཟད།འཚོལ་བསྡུ་བྱེད་ཡུལ་གྱི་འཐད་པ་ཡོད་དགོས།དྲ་བ་འཛུགས་གཉེར་མཁན་གྱིས་འདོན་སྤྲོད་ཞབས་ཞུར་འབྲེལ་བ་མེད་པའི་མི་སྒེར་གྱི་བརྡ་འཕྲིན་འཚོལ་བསྡུ་བྱེད་མི་རུང་།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས།ཕྱོགས་གཉིས་ཀའི་བར་བཞག་པའི་ཁ་ཆད་བཅས་དང་འགལ་ཞིང་།མི་སྒེར་གྱི་བརྡ་འཕྲིན་བེད་སྤྱོད་པ་སོགས་མི་རུང་བར་མ་ཟད།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས།བཀོལ་སྤྱོད་མཁན་བར་བཞག་པའི་ཁ་ཆད་བཅས་ལྟར།ཉར་ཚགས་བྱས་པའི་མི་སྒེར་གྱི་བརྡ་འཕྲིན་གནད་དོན་ཐག་གཅོད་དགོས།
        དོན་ཚན་ཞེ་གཉིས་པ།ཐག་གཅོད་བྱས་པ་བརྒྱུད་དམིགས་བསལ་གྱི་མི་སྒེར་སུ་ཡིན་ངོས་འཛིན་བྱེད་ཐབས་བྲལ་ལ་སླར་གསོའང་བྱེད་མི་ཐུབ་པའི་རིགས་ཕུད།དྲ་བ་འཛུགས་གཉེར་མཁན་གྱིས་འཚོལ་བསྡུ་བྱས་པའི་མི་སྒེར་གྱི་བརྡ་འཕྲིན་ཕྱི་ལ་འཆོར་ཞིང་ལོག་འགྲེལ་བྱེད་པ།གཏོར་བརླག་སོགས་བྱེད་མི་རུང་ཞིང་།བརྡ་འཕྲིན་འཚོལ་བསྡུ་བྱེད་ཡུལ་གྱི་འཐད་པ་མེད་ན།གཞན་ལ་མི་སྒེར་གྱི་བརྡ་འཕྲིན་འདོན་སྤྲོད་བྱེད་མི་ཆོག  དྲ་བ་འཛུགས་གཉེར་མཁན་གྱིས་ལག་རྩལ་གྱི་ཐབས་ལམ་དང་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤེལ་ཏེ། འཚོལ་བསྡུ་བྱས་པའི་མི་སྒེར་གྱི་བརྡ་འཕྲིན་བདེ་འཇགས་འགན་ལེན་སྒོས།བརྡ་འཕྲིན་ཕྱི་ལ་འཆོར་ཞིང་གཏོར་བརླག་ཐེབས་པ།བོར་བརླག་ཐེབས་པ་སོགས་བཀག་འགོག་བྱེད་དགོས།མི་སྒེར་གྱི་བརྡ་འཕྲིན་ཕྱི་ལ་འཆོར་ཞིང་གཏོར་བརླག་ཐེབས་ཤིང་། བོར་བརླག་ཐེབས་པ་བཅས་ཀྱི་གནས་ཚུལ་འབྱུང་བཞིན་པའམ་ཡང་ན་འབྱུང་སྲིད་སྐབས། འཕྲལ་མར་གསབ་སྐྱོབ་ཐབས་ལམ་སྤེལ་ཞིང་།གཏན་འབེབས་ལྟར་དུས་ཐོག་ཏུ་བཀོལ་སྤྱོད་མཁན་ལ་གསལ་བརྡ་སྤྲོད་པར་མ་ཟད། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།
        དོན་ཚན་ཞེ་གསུམ་པ།མི་སྒེར་གང་རུང་གིས་དྲ་བ་འཛུགས་གཉེར་མཁན་གྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་བའམ།ཡང་ན་ཕྱོགས་གཉིས་ཀའི་ཁ་ཆད་དང་འགལ་ཞིང་།མི་གང་དེའི་སྒེར་གྱི་བརྡ་འཕྲིན་བེད་སྤྱད་པའི་གནས་ཚུལ་ཤེས་རྟོགས་བྱུང་ན།དྲ་བ་འཛུགས་གཉེར་མཁན་གྱིས་མི་གང་དེའི་སྒེར་གྱི་བརྡ་འཕྲིན་གསུབ་པར་བླང་བྱ་འདོན་པའི་དབང་ཆ་ཡོད་ལ།དྲ་བ་འཛུགས་གཉེར་མཁན་གྱིས་འཚོལ་བསྡུ་དང་ཉར་ཚགས་བྱས་པའི་མི་སྒེར་གྱི་བརྡ་འཕྲིན་ལ་ནོར་འཁྲུལ་ཤོར་བར་རྟོགས་ན།དྲ་བ་འཛུགས་གཉེར་མཁན་གྱིས་དག་བཅོས་བྱེད་པར་བླང་བྱ་འདོན་པའི་དབང་ཆ་ཡོད་ཅིང་།དྲ་བ་འཛུགས་གཉེར་མཁན་གྱིས་བྱེད་ཐབས་སྤེལ་ཏེ་འབྲེལ་ཡོད་བརྡ་འཕྲིན་གསུབ་པའམ་ཡང་ན་དག་བཅོས་བྱེད་དགོས།
       དོན་ཚན་ཞེ་བཞི་བ། མི་སྒེར་དང་རྩ་འཛུགས་གང་རུང་གིས་སྒེར་གྱི་བརྡ་འཕྲིན་རྐུ་ཁྱེར་རམ། ཡང་ན་ཁྲིམས་འགལ་གྱི་ཐབས་ཤེས་སྤྱད་དེ་ལེན་མི་རུང་།ཁྲིམས་འགལ་གྱིས་ཕྱིར་འཚོང་བྱེད་པའམ་ཡང་ན་གཞན་ལ་མི་སྒེར་གྱི་བརྡ་འཕྲིན་འདོན་སྤྲོད་བྱེད་མི་ཆོག
       དོན་ཚན་ཞེ་ལྔ་བ།ཁྲིམས་ལྟར་དྲ་བའི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་འགན་འཁུར་བའི་སྡེ་ཁག་དང་ལས་སྒྲུབ་མི་སྣས།ངེས་པར་ལས་འགན་ལག་བསྟར་གོ་རིམ་ཁྲོད་ཤེས་རྟོགས་བྱུང་བའི་མི་སྒེར་གྱི་བརྡ་འཕྲིན་དང་གསང་བ།ཚོང་ལས་ཀྱི་གསང་བ་བཅས་གསང་རྒྱ་ནན་མོར་བྱས་ཏེ།ཕྱིར་འཆོར་ཞིང་ཕྱིར་འཚོང་བྱེད་པའམ་ཡང་ན་ཁྲིམས་འགལ་གྱིས་གཞན་ལ་འདོན་སྤྲོད་བྱེད་མི་ཆོག
       དོན་ཚན་ཞེ་དྲུག་པ།མི་སྒེར་དང་རྩ་འཛུགས་གང་རུང་གིས་རང་གི་སྤྱོད་བྱར་གྱུར་བའི་དྲ་བའི་སྤྱོད་ཚུལ་ལ་འགན་འཁུར་བ་ལས།མགོ་སྐོར་གཏོང་ཞིང་ཉེས་གསོག་ཐབས་ལམ་འཁྲིད་པ།ཁྲིམས་བཀག་དངོས་རྫས་དང་བཀག་སྡོམ་དངོས་རྫས་བཟོ་སྐྲུན་དང་ཕྱིར་འཚོང་བྱེད་པ་སོགས།ཁྲིམས་འགལ་ཉེས་གསོག་བྱེད་སྒོར་དམིགས་པའི་དྲ་ཚིགས་དང་འཕྲིན་གཏོང་ཚོགས་པ་སོགས་འཛུགས་མི་རུང་ལ།དྲ་བ་སྤྱད་དེ་མགོ་སྐོར་གཏོང་ཞིང་ཁྲིམས་བཀག་དངོས་རྫས་དང་བཀག་སྡོམ་དངོས་རྫས་བཟོ་སྐྲུན་དང་ཕྱིར་འཚོང་བྱེད་པ།ཁྲིམས་འགལ་ཉེས་གསོག་ བྱེད་སྒོ་གཞན་པ་སོགས་དང་འབྲེལ་བའི་བརྡ་འཕྲིན་ཁྱབ་སྒྲོག་བྱེད་མི་ཆོག
       དོན་ཚན་ཞེ་བདུན་པ།དྲ་བ་འཛུགས་གཉེར་མཁན་གྱིས་དྲ་བ་བཀོལ་སྤྱོད་མཁན་གྱིས་ཁྱབ་སྒྲོག་བྱས་པའི་བརྡ་འཕྲིན་དོ་དམ་བྱས་ཏེ།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་བཀག་སྡོམ་བྱས་པའི་བརྡ་འཕྲིན་བཏང་བ་ཤེས་རྟོགས་བྱུང་ན།འཕྲལ་མར་བརྡ་འཕྲིན་གང་དེའི་བརྒྱུད་སྒྲོག་མཚམས་འཇོག་གིས་ལེགས་སེལ་བྱེད་ཐབས་སྤེལ་ཏེ།བརྡ་འཕྲིན་གང་སར་མཆེད་པར་བཀག་འགོག་སྒོས་འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱེད་དགོས་པར་མ་ཟད། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།
       དོན་ཚན་ཞེ་བརྒྱད་པ།མི་སྒེར་དང་རྩ་འཛུགས་གང་རུང་གིས་བཏང་བའི་གློག་རྡུལ་བརྡ་འཕྲིན་དང་འདོན་སྤྲོད་བྱས་པའི་ཉེར་སྤྱོད་གཉེན་ཆས་ཁྲོད། བསམ་ངན་གྱི་མ་ལག་ཇུས་འགོད་བྱེད་མི་རུང་ཞིང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་བཀག་པའི་བརྡ་འཕྲིན་རིགས་ཀྱི་ནང་དོན་ཡང་ཡོད་མི་རུང་།
གློག་རྡུལ་བརྡ་འཕྲིན་བརྒྱུད་གཏོང་ཞབས་ཞུ་འདོན་སྤྲོད་མཁན་དང་ཉེར་སྤྱོད་གཉེན་ཆས་ཕབ་ལེན་ཞབས་ཞུ་འདོན་སྤྲོད་མཁན་གྱིས་བདེ་འཇགས་དོ་དམ་གྱི་འོས་འགན་ཁུར་ཏེ།བཀོལ་སྤྱོད་མཁན་ལ་དོན་ཚན་གོང་མར་གཏན་འབེབས་གནང་བའི་སྤྱོད་ཚུལ་ཡོད་པར་རྟོགས་ན།འདོན་སྤྲོད་ཞབས་ཞུ་མཚམས་བཞག་ནས་ལེགས་སེལ་ཐབས་ལམ་སྤེལ་ཏེ།འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱེད་དགོས་པར་མ་ཟད།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།
       དོན་ཚན་ཞེ་དགུ་བ།དྲ་བ་འཛུགས་གཉེར་མཁན་གྱིས་དྲ་བའི་བརྡ་འཕྲིན་བདེ་འཇགས་སྐོར་གྱི་གཏུག་བཤེར་དང་ཐེར་ཞུའི་ལམ་ལུགས་བཙུགས་ཏེ།གཏུག་བཤེར་དང་ཐེར་ཞུའི་ཐབས་ལམ་སོགས་ཀུན་ལ་བསྒྲགས་ནས།དུས་ལྟར་འབྲེལ་ཡོད་དྲ་བའི་བརྡ་འཕྲིན་བདེ་འཇགས་སྐོར་གྱི་གཏུག་བཤེར་དང་ཐེར་ཞུ་བདག་སྤྲོད་བྱེད་པར་མ་ཟད་ཐག་གཅོད་དགོས།དྲ་བ་འཛུགས་གཉེར་མཁན་གྱིས་དྲ་འཕྲིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ལག་ཏུ་བསྟར་བའི་ལྟ་སྐུལ་ཞིབ་བཤེར་ལས་ཀར་རམ་འདེགས་བྱེད་དགོས།
       དོན་ཚན་ལྔ་བཅུ་བ།རྒྱལ་ཁབ་དྲ་འཕྲིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་དྲ་བའི་བརྡ་འཕྲིན་བདེ་འཇགས་ལས་ཀའི་ལྟ་སྐུལ་དོ་དམ་ལས་འགན་ཁུར་ཏེ།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་བཀག་པའི་བརྡ་འཕྲིན་རིགས་ཤེས་རྟོགས་བྱུང་ན།དྲ་བ་འཛུགས་གཉེར་མཁན་གྱིས་བརྒྱུད་གཏོང་བྱེད་ མཚམས་བཞག་སྟེ།ལེགས་སེལ་བྱེད་ཐབས་སྤེལ་ཞིང་འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱེད་པར་བླང་བྱ་འདོན་དགོས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་ནས་བྱུང་བའི་གོང་གསལ་གྱི་བརྡ་འཕྲིན་རིགས་ཡོད་པར་རྟོགས་ན།འབྲེལ་ཡོད་ལས་ཁུངས་ཀྱིས་ལག་རྩལ་གྱི་ཐབས་ལམ་དང་དགོས་ངེས་ཀྱི་ཐབས་ལམ་གཞན་སོགས་སྤྱད་དེ། བརྒྱུད་སྒྲོག་བཀག་འགོག་གནང་བར་གསལ་བརྡ་སྤྲོད་དགོས།
       ལེའུ་ལྔ་བ། ཚད་ལེན་ཟོན་བརྡ་དང་བབ་བསྟུན་ཐག་གཅོད།
       དོན་ཚན་ང་གཅིག་པ།རྒྱལ་ཁབ་ཀྱིས་དྲ་བའི་བདེ་འཇགས་ཚད་ལེན་ཟོན་བརྡ་དང་བརྡ་འཕྲིན་བརྡ་ཁྱབ་ལམ་ལུགས་འཛུགས་ཤིང་།རྒྱལ་ཁབ་དྲ་འཕྲིན་སྡེ་ཁག་གིས་གཅིག་གྱུར་ངང་འབྲེལ་ཡོད་སྡེ་ཁག་མཐུན་སྦྱོར་སྒོས།དྲ་བའི་བདེ་འཇགས་ཀྱི་བརྡ་འཕྲིན་འཚོལ་བསྡུ་དང་དབྱེ་ཞིབ།བརྡ་ཁྱབ་བཅས་ཀྱི་ལས་དོན་ཤུགས་ཆེར་བཏང་སྟེ།གཏན་འབེབས་ལྟར་གཅིག་གྱུར་གྱིས་དྲ་བའི་བདེ་འཇགས་ཀྱི་ཚད་ལེན་ཟོན་བརྡའི་བརྡ་འཕྲིན་ཁྱབ་སྒྲོག་བྱེད་དགོས།
       དོན་ཚན་ང་གཉིས་པ།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་བདེ་འཇགས་སྲུང་སྐྱོང་ལས་འགན་འཁུར་བའི་སྡེ་ཁག་གིས།ལས་རིགས་དང་ཁྱབ་ཁོངས་དེ་ཉིད་ཀྱི་དྲ་བའི་བདེ་འཇགས་ཀྱི་ཚད་ལེན་ཟོན་བརྡ་དང་བརྡ་འཕྲིན་བརྡ་ཁྱབ་ལམ་ལུགས་འཐུས་ཚང་བསྐྲུན་པར་མ་ཟད།གཏན་འབེབས་ལྟར་དྲ་བའི་བདེ་འཇགས་ཀྱི་ཚད་ལེན་ཟོན་བརྡའི་བརྡ་འཕྲིན་ཞུ་འབུལ་བྱེད་དགོས།
       དོན་ཚན་ང་གསུམ་པ། རྒྱལ་ཁབ་དྲ་འཕྲིན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་མཐུན་སྦྱོར་སྒོས། དྲ་བའི་བདེ་འཇགས་ཀྱི་ཉེན་ཁའི་ཚོད་དཔག་དང་བབ་བསྟུན་ལས་སྒྲུབ་སྒྲིག་གཞི་འཐུས་ཚང་བཙུགས་ཏེ། དྲ་བའི་བདེ་འཇགས་དོན་རྐྱེན་སྐོར་གྱི་བབ་བསྟུན་སྔོན་ཇུས་བཟོ་དགོས་པར་མ་ཟད།དུས་བཅད་ལྟར་སྦྱོང་བརྡར་རྩ་འཛུགས་བྱེད་དགོས།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་གྱི་བདེ་འཇགས་སྲུང་སྐྱོང་ལས་འགན་འཁུར་བའི་སྡེ་ཁག་གིས།ལས་རིགས་དང་ཁྱབ་ཁོངས་དེ་ཉིད་ཀྱི་དྲ་བའི་བདེ་འཇགས་དོན་རྐྱེན་སྐོར་གྱི་བབ་བསྟུན་སྔོན་ཇུས་བཟོ་དགོས་པར་མ་ཟད།དུས་བཅད་ལྟར་སྦྱོང་བརྡར་རྩ་འཛུགས་བྱེད་དགོས།དྲ་བའི་བདེ་འཇགས་དོན་རྐྱེན་སྐོར་གྱི་བབ་བསྟུན་སྔོན་ཇུས་བཟོ་སྐབས།དོན་རྐྱེན་བྱུང་རྗེས་ཀྱི་གནོད་འཚེའི་ཚད་རིམ་དང་ངན་རྐྱེན་ཁྱབ་ཁོངས་སོགས་ཀྱི་རྒྱུ་རྐྱེན་གཞིར་བཟུང་སྟེ། དྲ་བའི་བདེ་འཇགས་དོན་རྐྱེན་ལ་རིམ་པ་བགོས་ཏེ། འོས་འཚམ་གྱི་བབ་བསྟུན་ཐག་གཅོད་བྱེད་ཐབས་གཏན་འབེབས་བྱེད་དགོས།
       དོན་ཚན་ང་བཞི་བ། དྲ་བའི་བདེ་འཇགས་དོན་རྐྱེན་འབྱུང་བའི་ཉེན་ཁ་ཆེར་འགྱུར་སྐབས། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དབང་ཚད་དང་ལས་སྒྲུབ་རིམ་པའི་གཏན་འབེབས་ལྟར།དྲ་བའི་བདེ་འཇགས་ཀྱི་ཉེན་ཁའི་ཁྱད་ཆོས་དང་འབྱུང་སྲིད་པའི་གནོད་འཚེ་གཞིར་བཟུང་སྟེ། གཤམ་གསལ་གྱི་བྱེད་ཐབས་དག་སྤེལ་དགོས་ཏེ།
       ﹙གཅིག﹚འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས།མི་སྣ་བཅས་ཀྱིས་དུས་ལྟར་འབྲེལ་ཡོད་བརྡ་འཕྲིན་འཚོལ་བསྡུ་དང་སྙན་ཞུ་བྱས་ཏེ།དྲ་བའི་བདེ་འཇགས་ཀྱི་ཉེན་ཁའི་ཚད་ལེན་བྱེད་ཤུགས་ཆེར་གཏོང་བར་བླང་བྱ་འདོན་པ།
       ﹙གཉིས﹚འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། ཆེད་ལས་མི་སྣ་བཅས་རྩ་འཛུགས་བྱས་ཏེ། དྲ་བའི་བདེ་འཇགས་ཀྱི་ཉེན་ཁའི་བརྡ་འཕྲིན་ལ་དབྱེ་ཞིབ་དང་གདེང་འཇོག་སྒོས།དོན་རྐྱེན་འབྱུང་སྲིད་པའི་རང་བཞིན་དང་ངན་རྐྱེན་ཁྱབ་ཁོངས། གནོད་འཚེའི་ཚད་རིམ་བཅས་ཚོད་དཔག་བྱེད་པ།
       ﹙གསུམ﹚སྤྱི་ཚོགས་ལ་དྲ་བའི་བདེ་འཇགས་ཀྱི་ཉེན་ཁའི་སྔོན་བརྡ་བསྒྲགས་ཏེ།གནོད་འཚེ་ལས་གཡོལ་ཞིང་ཚད་རིམ་ཇེ་ཆུང་དུ་གཏོང་བའི་ཐབས་ལམ་ཁྱབ་སྒྲོག་བྱེད་པ་བཅས་སོ།།
        དོན་ཚན་ང་ལྔ་བ།དྲ་བའི་བདེ་འཇགས་དོན་རྐྱེན་བྱུང་ན།འཕྲལ་མར་དྲ་བའི་བདེ་འཇགས་དོན་རྐྱེན་སྐོར་གྱི་བབ་བསྟུན་སྔོན་ཇུས་ལག་ཏུ་བསྟར་ཏེ།དྲ་བའི་བདེ་འཇགས་དོན་རྐྱེན་ལ་བརྟག་དཔྱད་དང་གདེང་འཇོག་སྒོས།དྲ་བ་འཛུགས་གཉེར་མཁན་གྱིས་ལག་རྩལ་གྱི་ཐབས་ལམ་དང་དགོས་ངེས་ཀྱི་ཐབས་ལམ་གཞན་སོགས་སྤྱད་དེ།བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་སེལ་ཞིང་གནོད་འཚེ་མཆེད་པར་བཀག་འགོག་བྱས་ནས།དུས་ལྟར་སྤྱི་ཚོགས་ལ་མང་ཚོགས་དང་འབྲེལ་བ་ཡོད་པའི་ཉེན་བརྡའི་བརྡ་འཕྲིན་ཁྱབ་སྒྲོག་བྱེད་དགོས།
        དོན་ཚན་ང་དྲུག་པ།ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དྲ་བའི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་འགན་འཁུར་བའི་གོ་རིམ་ཁྲོད།དྲ་བར་བདེ་འཇགས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད་པའམ་།ཡང་ན་བདེ་འཇགས་ཀྱི་དོན་རྐྱེན་བྱུང་ཟིན་པར་ཤེས་རྟོགས་བྱུང་ན།དབང་ཚད་དང་ལས་སྒྲུབ་རིམ་པའི་གཏན་འབེབས་ལྟར།དྲ་བ་འཛུགས་གཉེར་མཁན་གྱི་ཁྲིམས་བཀོད་འཐུས་མིའམ་འགན་འཁུར་བ་གཙོ་བོར་གླེང་མོལ་ཁ་ཆད་བྱེད་ཆོགདྲ་བ་འཛུགས་གཉེར་མཁན་གྱིས་བླང་བྱ་ལྟར་བྱེད་ཐབས་སྤེལ་ཏེ།ལེགས་བཅོས་དང་མངོན་མེད་རྐྱེན་ངན་སེལ་དགོས།
        དོན་ཚན་ང་བདུན་པ།དྲ་བའི་བདེ་འཇགས་དོན་རྐྱེན་དབང་གིས་ཐོལ་བྱུང་གི་དོན་རྐྱེན་ནམ་ཡང་ན་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་བྱུང་ན།«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བཅའ་ཁྲིམས»དང་།«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས»སོགས། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཐག་གཅོད་དགོས།
        དོན་ཚན་ང་བརྒྱད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་སྲུང་ཕྱིར། ཐོལ་བྱུང་གི་སྤྱི་ཚོགས་བདེ་འཇགས་དོན་རྐྱེན་ཚབས་ཆེན་རིགས་ཐག་གཅོད་བྱེད་དགོས་ན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན་ནམ་ཡང་ན་ཆོག་མཆན་གནང་བ་བརྒྱུད།དམིགས་བསལ་གྱི་ས་ཁོངས་སུ་དྲ་བའི་འཕྲིན་གཏོང་ཚོད་འཛིན་བྱེད་པ་སོགས་གནས་སྐབས་ཀྱི་བྱེད་ཐབས་སྤེལ་ཆོག
        ལེའུ་དྲུག་པ། བཅའ་ཁྲིམས་འགན་འཁྲི།
        དོན་ཚན་ང་དགུ་བ།དྲ་བ་འཛུགས་གཉེར་མཁན་གྱིས་བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཉེར་གཅིག་པ་དང་ཉེར་ལྔ་བའི་གཏན་འབེབས་ལྟར།དྲ་བའི་བདེ་འཇགས་སྲུང་སྐྱོང་འོས་འགན་ལག་བསྟར་མ་བྱས་ན།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པར་བཀའ་ཕབ་ཅིང་ཐ་ཚིག་སྒྲོག་རྒྱུ་དང་།ཡོ་བསྲང་མི་བྱེད་པའམ་ཡང་ན་དྲ་བའི་བདེ་འཇགས་ལ་གནོད་པའི་མཇུག་འབྲས་བཟོས་ན།སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་ཅིང་།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣར་སྒོར་སྟོང་ལྔ་ཡན་ནས་ཁྲི་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་གཉེར་མཁན་གྱིས་བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་སོ་གསུམ་པ་དང་སོ་བཞི་བ།སོ་དྲུག་པ་དང་སོ་བརྒྱད་པ་བཅས་ཀྱི་གཏན་འབེབས་ལྟར་དྲ་བའི་བདེ་འཇགས་སྲུང་སྐྱོང་འོས་འགན་ལག་བསྟར་མ་བྱས་ན།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པར་བཀའ་ཕབ་ཅིང་ཐ་ཚིག་སྒྲོག་རྒྱུ་དང་།ཡོ་བསྲང་མི་བྱེད་པའམ་ཡང་ན་དྲ་བའི་བདེ་འཇགས་ལ་གནོད་པའི་མཇུག་འབྲས་བཟོས་ན། སྒོར་ཁྲི་བཅུ་ཡན་ནས་ཁྲི་བརྒྱ་མན་གྱི་དངུལ་ཆད་གཅོད་ཅིང་། ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣར་སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ།
        དོན་ཚན་དྲུག་ཅུ་བ།བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཉེར་གཉིས་པའི་ནང་གསེས་དོན་ཚན་དང་བོ་དང་གཉིས་པ།དོན་ཚན་ཞེ་བརྒྱད་པའི་ནང་གསེས་དོན་ཚན་དང་བོ་བཅས་ཀྱི་གཏན་འབེབས་དང་འགལ་ཏེ།གཤམ་གསལ་གྱི་སྤྱོད་ཚུལ་ཡོད་ན།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པར་བཀའ་ཕབ་སྟེ་ཐ་ཚིག་སྒྲོག་རྒྱུ་དང་།ཡོ་བསྲང་མི་བྱེད་པའམ་ཡང་ན་དྲ་བའི་བདེ་འཇགས་ལ་གནོད་པའི་མཇུག་འབྲས་བཟོས་ན།སྒོར་ཁྲི་ལྔ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་ཅིང་།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣར་སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ་སྟེ།
       ﹙གཅིག﹚བསམ་ངན་གྱི་ཨང་སྒྲིག་ཇུས་འགོད་བྱས་པ།
       ﹙གཉིས﹚ཐོན་རྫས་དང་ཞབས་ཞུ་གང་དེའི་བདེ་འཇགས་ཐད་ཀྱི་སྐྱོན་ཆ་དང་འཐུས་ཚང་མིན་པ་སོགས་ཀྱི་ཉེན་ཁ་འཕྲལ་སེལ་ཡོང་བར་གསབ་སྐྱོབ་བྱེད་ཐབས་མ་སྤེལ་བའམ།ཡང་ན་གཏན་འབེབས་ལྟར་དུས་ཐོག་ཏུ་བཀོལ་སྤྱོད་མཁན་ལ་གསལ་བརྡ་མི་སྤྲད་པར་མ་ཟད།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་མ་བྱས་པ།
       ﹙གསུམ﹚རང་འདོད་ཀྱིས་ཐོན་རྫས་དང་ཞབས་ཞུ་གང་དེའི་བདེ་འཇགས་སྲུང་སྐྱོང་བྱེད་མཚམས་བཞག་པ་བཅས་སོ།།
       དོན་ཚན་རེ་གཅིག་པ། དྲ་བ་འཛུགས་གཉེར་མཁན་ནི་བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཉེར་བཞི་བའི་ནང་གསེས་དོན་ཚན་དང་བོའི་གཏན་འབེབས་དང་འགལ་ཏེ།དྲ་བ་བཀོལ་སྤྱོད་མཁན་གྱིས་ཐོབ་ཐང་གི་བརྡ་འཕྲིན་ངོ་མ་འདོན་སྤྲོད་བྱེད་པར་བླང་བྱ་བཏོན་མེད་པའམ།ཡང་ན་ཐོབ་ཐང་གི་བརྡ་འཕྲིན་ངོ་མ་འདོན་སྤྲོད་མ་བྱས་པའི་དྲ་བ་བཀོལ་སྤྱོད་མཁན་ལ་འབྲེལ་ཡོད་ཞབས་ཞུ་འདོན་སྤྲོད་བྱས་ན།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པར་བཀའ་འབེབས་རྒྱུ་དང།ཡོ་བསྲང་མི་བྱེད་པའམ་ཡང་ན་གནས་ཚུལ་ཚབས་ཆེན་ཡིན་ན།སྒོར་ཁྲི་ལྔ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་པར་མ་ཟད།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་བྱེད་སྒོ་གནས་སྐབས་སུ་མཚམས་འཇོག་ཅིང་།ལས་མཚགས་བཞག་སྟེ་དག་ཐེར་བྱེད་པ།དྲ་ཚིགས་ཀྱི་སྒོ་རྒྱག་པ།འབྲེལ་ཡོད་བྱེད་སྒོའི་འཐུས་གཉེར་དཔང་ཡིག་གམ་བདག་གཉེར་ལག་ཁྱེར་མེད་པར་བཟོ་བར་བཀའ་འབེབས་ཆོག་ལ།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་ལ་སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ།
       དོན་ཚན་རེ་གཉིས་པ།བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཉེར་དྲུག་པའི་གཏན་འབེབས་དང་འགལ་ཏེ།དྲ་བའི་བདེ་འཇགས་ར་སྤྲོད་དང་ཞིབ་བཤེར་བྱེད་པ།ཉེན་ཁར་ཚོད་དཔག་བྱེད་པ་བཅས་ཀྱི་བྱེད་སྒོ་སྤེལ་བའམ།ཡང་ན་སྤྱི་ཚོགས་ལ་དྲ་བའི་མ་ལག་གི་སྐྱོན་ཆ་དང་རྩིས་འཁོར་གྱི་ནད་དུགདྲ་ཐོག་དཔུང་འཇུག་ དང་དྲ་ཐོག་འཛུལ་རྒོལ་བྱེད་ཚུལ་སོགས། དྲ་བའི་བདེ་འཇགས་ལ་གནོད་པའི་བརྡ་འཕྲིན་ཁྱབ་སྒྲོག་བྱས་ན། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པར་བཀའ་ཕབ་སྟེ་ཐ་ཚིག་སྒྲོག་རྒྱུ་དང་།ཡོ་བསྲང་མི་བྱེད་པའམ་ཡང་ན་གནས་ཚུལ་ཚབས་ཆེན་ཡིན་ན།སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་པར་མ་ཟད།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་བྱེད་སྒོ་གནས་སྐབས་སུ་མཚམས་འཇོག་ཅིང་།ལས་མཚགས་བཞག་སྟེ་དག་ཐེར་བྱེད་པ།དྲ་ཚིགས་ཀྱི་སྒོ་རྒྱག་པ།འབྲེལ་ཡོད་བྱེད་སྒོའི་འཐུས་གཉེར་དཔང་ཡིག་གམ་བདག་གཉེར་ལག་ཁྱེར་མེད་པར་བཟོ་བར་བཀའ་འབེབས་ཆོག་ཅིང་།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་ལ་སྒོར་སྟོང་ལྔ་ཡན་ནས་ཁྲི་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ།
       དོན་ཚན་རེ་གསུམ་པ།བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཉེར་བདུན་པའི་གཏན་འབེབས་དང་འགལ་ཏེ།དྲ་བའི་བདེ་འཇགས་ལ་གནོད་པའི་བྱེད་སྒོ་སྤེལ་བའམ།ཡང་ན་དྲ་བའི་བདེ་འཇགས་ལ་གནོད་པའི་བྱེད་སྒོ་སྤེལ་བའི་ཆེད་སྤྱོད་ཨང་སྒྲིག་དང་ཡོ་བྱད་འདོན་སྤྲོད་བྱས་པ།ཡང་ན་གཞན་གྱིས་དྲ་བའི་བདེ་འཇགས་ལ་གནོད་པའི་བྱེད་སྒོ་སྤེལ་བར་ལག་རྩལ་གྱི་རྒྱབ་སྐྱོར་དང་བརྡ་ཁྱབ་ཁྱབ་གདལ།གཏོང་སྤྲོད་རྩིས་རྒྱག་སོགས་ཀྱི་རོགས་རམ་འདོན་སྤྲོད་བྱས་ཏེ།ད་དུང་ཉེས་བསགས་ཀྱི་ཚད་ལ་མ་ཐོན་ན།སྤྱི་བདེའི་ལས་ཁུངས་ཀྱིས་ཁྲིམས་འགལ་གྱི་ཡོང་འབབ་གཞུང་བཞེས་བཏང་སྟེ།ཉིན་ལྔ་མན་གྱི་བཀག་ཉར་ཁྲིམས་ཆད་གཅོད་པར་མ་ཟད།སྒོར་ཁྲི་ལྔ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་ཆོགགནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཉིན་ལྔ་ཡན་ནས་བཅོ་ལྔ་མན་གྱི་བཀག་ཉར་ཁྲིམས་ཆད་གཅོད་པར་མ་ཟད།སྒོར་ཁྲི་བཅུ་ཡན་ནས་ཁྲི་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།སྡེ་ཁག་ལ་གོང་གསལ་གྱི་དོན་ཚན་དང་འགལ་བའི་སྤྱོད་ཚུལ་ཡོད་ན།སྤྱི་བདེའི་ལས་ཁུངས་ཀྱིས་ཁྲིམས་འགལ་ཡོང་འབབ་བཞུང་བཞེས་བཏང་སྟེ།སྒོར་ཁྲི་བཅུ་ཡན་ནས་ཁྲི་བརྒྱ་མན་གྱི་དངུལ་ཆད་གཅོད་པར་མ་ཟད། ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་ལ་གོང་གསལ་དོན་ཚན་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཉེར་བདུན་པའི་གཏན་འབེབས་དང་འགལ་བར་མ་ཟད།བདེ་སྲུང་དོ་དམ་གྱི་ཆད་པ་ཕོག་པའི་མི་སྣ་ཡིན་ན།ལོ་ལྔའི་ནང་དྲ་བའི་བདེ་འཇགས་དོ་དམ་དང་དྲ་བ་འཛུགས་གཉེར་གྱི་གནད་འགག་ལས་གནས་སུ་ལས་དོན་སྒྲུབ་མི་ཆོག་ལ།ཉེས་དོན་གྱི་ཆད་པ་ཕོག་པའི་མི་སྣ་ཡིན་ན།མི་ཚེ་གང་བོར་དྲ་བའི་བདེ་འཇགས་དོ་དམ་དང་དྲ་བ་འཛུགས་གཉེར་གྱི་གནད་འགག་ལས་གནས་སུ་ལས་དོན་སྒྲུབ་མི་ཆོག
     དོན་ཚན་རེ་བཞི་བ།དྲ་བ་འཛུགས་གཉེར་མཁན་དང་དྲ་བའི་ཐོན་རྫས་སམ་ཞབས་ཞུ་འདོན་སྤྲོད་མཁན་ནི།བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཉེར་གཉིས་པའི་ནང་གསེས་དོན་ཚན་གསུམ་པ་དང་།དོན་ཚན་ཞེ་གཅིག་པ་ནས་ཞེ་གསུམ་པའི་བར་བཅས་ཀྱི་གཏན་འབེབས་དང་འགལ་ཏེ།མི་སྒེར་གྱི་བརྡ་འཕྲིན་ཁྲིམས་ལྟར་སྲུང་བའི་དབང་ཆར་གནོད་བསྐྱལ་ན།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པར་བཀའ་འབེབས་ཤིང་།གནས་ཚུལ་ལྟར་ཐ་ཚིག་ཁེར་སྒྲོག་གམ་ཡང་ན་མཉམ་སྒྲོག་བྱེད་ཅིང་།ཁྲིམས་འགལ་ཡོང་འབབ་གཞུང་བཞེས་གཏོང་ཞིང་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཅིག་ཡན་ནས་བཅུ་མན་གྱི་དངུལ་ཆད་གཅོད་ཅིང་། ཁྲིམས་འགལ་ཡོང་འབབ་མེད་ན།སྒོར་ཁྲི་བརྒྱ་མན་གྱི་དངུལ་ཆད་གཅོད་པར་མ་ཟད།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་ལ་སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།འབྲེལ་ཡོད་བྱེད་སྒོ་གནས་སྐབས་སུ་མཚམས་འཇོག་ཅིང་ལས་མཚགས་བཞག་སྟེ་དག་ཐེར་བྱེད་པ།དྲ་ཚིགས་ཀྱི་སྒོ་རྒྱག་པ།འབྲེལ་ཡོད་བྱེད་སྒོའི་འཐུས་གཉེར་དཔང་ཡིག་གམ་ཡང་ན་བདག་གཉེར་ལག་ཁྱེར་མེད་པར་བཟོ་བར་བཀའ་འབེབས་ཆོག
བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཞེ་བཞི་བའི་གཏན་འབེབས་དང་འགལ་ཏེ།མི་སྒེར་གྱི་བརྡ་འཕྲིན་རྐུ་ཁྱེར་རམ་ཡང་ན་ཁྲིམས་འགལ་གྱི་ཐབས་ལམ་གཞན་པ་བརྒྱུད་དེ་ལེན་ཞིང་།ཁྲིམས་འགལ་གྱིས་ཕྱིར་འཚོང་བྱེད་པའམ་ཡང་ན་ཁྲིམས་འགལ་གྱིས་གཞན་ལ་འདོན་སྤྲོད་བྱས་ཏེ།ད་དུང་ཉེས་བསགས་ཀྱི་ཚད་ལ་ཐོན་མེད་ན།སྤྱི་བདེའི་ལས་ཁུངས་ཀྱིས་ཁྲིམས་འགལ་ཡོང་འབབ་གཞུང་བཞེས་གཏོང་བ་དང་མཉམ་དུ།ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཅིག་ཡན་ནས་བཅུ་མན་གྱི་དངུལ་ཆད་གཅོད་ཅིང་། ཁྲིམས་འགལ་ཡོང་འབབ་མེད་ན། སྒོར་ཁྲི་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།
      དོན་ཚན་རེ་ལྔ་བ།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་གཉེར་མཁན་ནི། བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་སོ་ལྔ་བའི་གཏན་འབེབས་དང་འགལ་ཏེ།བདེ་འཇགས་ལ་ཞིབ་འབེབས་བྱས་མེད་པའམ། ཡང་ན་ཞིབ་འབེབས་ཀྱི་ཆོག་མཆན་ཐོབ་མེད་པའི་དྲ་བའི་ཐོན་རྫས་སམ་ཞབས་ཞུ་བེད་སྤྱད་ན། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་སྤྱོད་མཚམས་འཇོག་པར་བཀའ་འབེབས་ཤིང་།ཉོ་སྒྲུབ་དངུལ་འབོར་གྱི་ལྡབ་གཅིག་ཡན་ནས་བཅུ་མན་གྱི་དངུལ་ཆད་གཅོད་པར་མ་ཟད།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་ལ་སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ།
      དོན་ཚན་རེ་དྲུག་པ།བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་འཛུགས་གཉེར་མཁན་ནི། བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་སོ་བདུན་པའི་གཏན་འབེབས་དང་འགལ་ཏེ།རྒྱལ་ཁོངས་ཀྱི་ཕྱི་ནས་དྲ་བའི་གཞི་གྲངས་གསོག་ཉར་བྱེད་པའམ། ཡང་ན་རྒྱལ་ཁོངས་ཀྱི་ཕྱི་ལ་དྲ་བའི་གཞི་གྲངས་འདོན་སྤྲོད་བྱས་ན། འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པར་བཀའ་ཕབ་སྟེ་ཐ་ཚིག་སྒྲོག་ཅིང་།ཁྲིམས་འགལ་ཡོང་འབབ་གཞུང་བཞེས་གཏོང་ཞིང་།སྒོར་ཁྲི་ལྔ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་པར་མ་ཟད།འབྲེལ་ཡོད་བྱེད་སྒོ་གནས་སྐབས་སུ་མཚམས་འཇོག་ཅིང་ལས་མཚགས་བཞག་སྟེ་དག་ཐེར་བྱེད་པ། དྲ་ཚིགས་ཀྱི་སྒོ་རྒྱག་པ། འབྲེལ་ཡོད་བྱེད་སྒོའི་འཐུས་གཉེར་དཔང་ཡིག་གམ་ཡང་ན་བདག་གཉེར་ལག་ཁྱེར་མེད་པར་བཟོ་བར་བཀའ་ འབེབས་ཆོག་ལ།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་ལ་སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ།
       དོན་ཚན་རེ་བདུན་པ། བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཞེ་དྲུག་པ་དང་འགལ་ཏེ། ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྒོ་ལག་ཏུ་བསྟར་བའི་དྲ་ཚིགས་དང་འཕྲིན་གཏོང་ཚོགས་པ་འཛུགས་པའམ། ཡང་ན་དྲ་བ་སྤྱད་དེ་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྒོའི་ལག་བསྟར་དང་འབྲེལ་བའི་བརྡ་འཕྲིན་ཁྱབ་སྒྲོག་ བྱས་ཏེ།ད་དུང་ཉེས་བསགས་ཀྱི་ཚད་ལ་ཐོན་མེད་ན།སྤྱི་བདེའི་ལས་ཁུངས་ཀྱིས་ཉིན་ལྔ་མན་ལ་བཀག་ཉར་བྱེད་པ་དང་མཉམ་དུ།སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཉིན་ལྔ་ཡན་ནས་བཅོ་ལྔ་མན་ལ་བཀག་ཉར་བྱེད་པ་དང་སྦྲགས།སྒོར་ཁྲི་ལྔ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་ཆོག་ཅིང་།ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྒོ་ལག་ཏུ་བསྟར་བའི་དྲ་ཚིགས་དང་འཕྲིན་གཏོང་ཚོགས་པའི་སྒོ་རྒྱག་རྒྱུ། སྡེ་ཁག་ལ་གོང་གསལ་གྱི་དོན་ཚན་དང་འགལ་བའི་སྤྱོད་ཚུལ་ཡོད་ན།སྤྱི་བདེའི་ལས་ཁུངས་ཀྱིས་སྒོར་ཁྲི་བཅུ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་པར་མ་ཟད།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་ལ་གོང་གསལ་དོན་ཚན་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
       དོན་ཚན་རེ་བརྒྱད་པ།དྲ་བ་འཛུགས་གཉེར་མཁན་ནི་བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཞེ་བདུན་པའི་གཏན་འབེབས་དང་འགལ་ཏེ།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་བཀག་པའི་བརྡ་འཕྲིན་བརྒྱུད་གཏོང་བྱེད་མཚམས་མ་བཞག་ཅིང་།ལེགས་སེལ་སོགས་ཐག་གཅོད་བྱེད་ཐབས་མ་སྤྱད་པ་དང་།འབྲེལ་ཡོད་ཟིན་ཐོ་ཉར་ཚགས་མ་བྱས་ན།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པར་བཀའ་ཕབ་སྟེ་ཐ་ཚིག་སྒྲོག་ཅིང་།ཁྲིམས་འགལ་ཡོང་འབབ་གཞུང་བཞེས་གཏོང་རྒྱུ་དང་།ཡོ་བསྲང་མི་བྱེད་པའམ་ཡང་ན་གནས་ཚུལ་ཚབས་ཆེན་ཡིན་ན།སྒོར་ཁྲི་བཅུ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་པར་མ་ཟད།འབྲེལ་ཡོད་བྱེད་སྒོ་གནས་སྐབས་སུ་མཚམས་འཇོག་ཅིང་། ལས་མཚགས་བཞག་སྟེ་དག་ཐེར་བྱེད་པ། དྲ་ཚིགས་ཀྱི་སྒོ་རྒྱག་པ། འབྲེལ་ཡོད་བྱེད་སྒོའི་འཐུས་གཉེར་དཔང་ཡིག་གམ་བདག་གཉེར་ལག་ཁྱེར་མེད་པར་བཟོ་བར་བཀའ་འབེབས་ཆོག་ལ།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་ལ་སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ། གློག་རྡུལ་བརྡ་འཕྲིན་བརྒྱུད་གཏོང་ཞབས་ཞུ་འདོན་སྤྲོད་མཁན་དང་།ཉེར་སྤྱོད་མཉེན་ཆས་ཕབ་ལེན་ཞབས་ཞུ་འདོན་སྤྲོད་མཁན་གྱིས་བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་ཞེ་བརྒྱད་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར།བདེ་འཇགས་དོ་དམ་འོས་འགན་ལག་བསྟར་མ་བྱས་ན།གོང་གསལ་དོན་ཚན་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
        དོན་ཚན་རེ་དགུ་བ།དྲ་བ་འཛུགས་གཉེར་མཁན་ནི་བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་དང་འགལ་ཏེ།གཤམ་གསལ་གྱི་སྤྱོད་ཚུལ་ཡོད་ན།འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་པར་བཀའ་ འབེབས་ཤིང་།ཡོ་བསྲང་མི་བྱེད་པའམ་གནས་ཚུལ་ཚབས་ཆེན་ཡིན་ན།སྒོར་ཁྲི་ལྔ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་ དངུལ་ཆད་གཅོད་ཅིང་།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་ གཞན་ལ་སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ་སྟེ།
       ﹙གཅིག﹚འབྲེལ་ཡོད་སྡེ་ཁག་གི་བླང་བྱ་ལྟར་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་བཀག་པའི་བརྡ་འཕྲིན་བརྒྱུད་གཏོང་གི་མཚམས་འཇོག་དང་ལེགས་སེལ་སོགས་ཐག་གཅོད་བྱེད་ཐབས་མ་སྤྱད་པ།
       ﹙གཉིས﹚འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་སྤེལ་བའི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་མི་བྱེད་ཅིང་དེར་བཀག་འགོག་བྱས་པ།
       ﹙གསུམ﹚སྤྱི་བདེའི་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ལག་རྩལ་གྱི་རྒྱབ་སྐྱོར་དང་རམ་འདེགས་འདོན་སྤྲོད་མ་གནང་བ་བཅས་སོ།།
       དོན་ཚན་བདུན་ཅུ་བ། བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་བཅུ་གཉིས་པའི་ནང་གསེས་དོན་ཚན་གཉིས་པ་དང་།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞན་པ་བཅས་ཀྱིས་བཀག་པའི་བརྡ་འཕྲིན་ཁྱབ་སྒྲོག་གམ་བརྒྱུད་གཏོང་བྱས་ན།འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
       དོན་ཚན་དོན་གཅིག་པ། བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་དང་འགལ་བའི་སྤྱོད་ཚུལ་ཡོད་ན།འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཡིད་རྟོན་ཡིག་ཚགས་སུ་བཀོད་དེ་ཡོངས་སྒྲོག་བྱེད་རྒྱུ།
དོན་ཚན་དོན་གཉིས་པ།རྒྱལ་ཁབ་ལས་ཁུངས་ཀྱི་སྲིད་དོན་དྲ་བ་འཛུགས་གཉེར་མཁན་གྱིས་བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་ལྟར། དྲ་བའི་བདེ་འཇགས་སྲུང་སྐྱོང་འོས་འགན་ལག་ཏུ་མ་བསྟར་ན། གང་དེའི་གོང་རིམ་ལས་ཁུངས་སམ་འབྲེལ་ཡོད་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་པར་བཀལ་འབེབས་ཤིང་། ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་དག་ཁྲིམས་ལྟར་ཐག་གཅོད་རྒྱུ།
       དོན་ཚན་དོན་གསུམ་པ།དྲ་འཕྲིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ནི་བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་སུམ་ཅུ་བའི་གཏན་འབེབས་དང་འགལ་ཏེ།དྲ་བའི་བདེ་འཇགས་སྲུང་སྐྱོང་ལས་འགན་ལག་བསྟར་ཁྲོད་ལག་སོན་བྱུང་བའི་བརྡ་འཕྲིན་དག་སྤྱོད་ལམ་གཞན་དུ་སྤྱད་ན།ཐད་ཀར་འགན་འཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་དག་ཁྲིམས་ལྟར་ཐག་གཅོད་རྒྱུ།དྲ་འཕྲིན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་ལས་མིས་རང་འགན་སྣང་མེད་དུ་འཇོག་ཅིང་འགན་དབང་གང་དགར་སྤྱོད་པ།ཉེ་རིང་གཡོ་ཟོལ་སོགས་བྱས་ཏེ། ད་དུང་ཉེས་བསགས་ཀྱི་ཚད་ལ་ཐོན་མེད་ན་ཁྲིམས་ལྟར་ཐག་གཅོད་རྒྱུ།
དོན་ཚན་དོན་བཞི་བ།བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་དང་འགལ་ཏེ་མི་གཞན་ལ་གནོད་བསྐྱལ་ན།ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས།བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་དང་འགལ་ཏེ།བདེ་སྲུང་དོ་དམ་དང་འགལ་བའི་སྤྱོད་ཚུལ་ཡོད་ན།ཁྲིམས་ལྟར་བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་བསགས་ཀྱི་ཚད་ལ་ཐོན་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་འདེད་བྱེད་རྒྱུ།
       དོན་ཚན་དོན་ལྔ་བ།མངའ་ཁོངས་ཀྱི་ཕྱིར་ཡོད་པའི་སྡེ་ཁག་དང་རྩ་འཛུགས།མི་སྒེར་བཅས་གང་རུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྡ་འཕྲིན་རྨང་གཞིའི་སྒྲིག་ཆས་གནད་འགག་ཅན་ལ་དཔུང་འཇུག་དང་འཛུལ་རྒོལ།ཐེ་གཏོགས་དང་གཏོར་བརླག་སོགས་ཀྱི་གནོད་འཚེའི་བྱེད་སྒོ་སྤེལ་ཏེ།མཇུག་འབྲས་ཚབས་ཆེན་བཟོས་ན།ཁྲིམས་ལྟར་བཅའ་ཁྲིམས་འགན་འཁྲི་རྩད་འདེད་བྱེད་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེའི་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་སྡེ་ཁག་དང་རྩ་འཛུགས།མི་སྒེར་གང་རུང་གི་རྒྱུ་དངོས་བཀག་བཅད་བྱེད་པའམ་ཡང་ན་དགོས་ངེས་ཀྱི་བཀག་སྡོམ་བྱེད་ཐབས་གཞན་པ་སྤེལ་ཆོག
       ལེའུ་བདུན་པ། ཞར་བྱུང་དོན་ཚན།
       དོན་ཚན་དོན་དྲུག་པ། བཅའ་ཁྲིམས་འདི་ཉིད་ཀྱི་ཐ་སྙད་འགའི་གོ་དོན་གཤམ་གསལ།
       ﹙གཅིག﹚དྲ་བ།རྩིས་འཁོར་རམ་ཡང་ན་བརྡ་འཕྲིན་གྱི་མཐུད་སྣེ་གཞན་དག་དང་འབྲེལ་ཡོད་སྒྲིག་ཆས་བཅས་ཀྱིས་གྲུབ་ཅིང་།སྒྲིག་སྲོལ་དང་ཨང་སྒྲིག་ངེས་ཅན་ལྟར་བརྡ་འཕྲིན་འཚོལ་བསྡུ་དང་གསོག་ཉར། བརྒྱུད་གཏོང་དང་བརྗེ་རེས། ཐག་གཅོད་བཅས་བྱེད་པའི་མ་ལག་ལ་ཟེར།
       ﹙གཉིས﹚དྲ་བའི་བདེ་འཇགས།དགོས་ངེས་ཀྱི་ཐབས་ལམ་སྤེལ་བ་བརྒྱུད།དྲ་ཐོག་དཔུང་འཇུག་དང་འཛུལ་རྒོལ།ཐེ་གཏོགས་དང་གཏོར་བརླག་སོགས་བྱེད་ཅིང་།ཁྲིམས་འགལ་གྱི་སྤྱོད་པ་དང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་སོགས་ལ་བག་ཟོན་བྱས་ཏེ། དྲ་བ་བརྟན་ཞིང་ཡིད་རྟོན་རུང་བར་བསྒྱུར་ཏེ། དྲ་བའི་གཞི་གྲངས་ཀྱི་འཐུས་ཚང་རང་བཞི་དང་གསང་རྒྱ་རང་བཞིན།འཐུས་སྤྱོད་རང་བཞིན་བཅས་ཀྱི་བྱེད་ནུས་འགན་ལེན་པར་ཟེར། 
       ﹙གསུམ﹚དྲ་བ་འཛུགས་གཉེར་མཁན།དྲ་བའི་བདག་པོ་དང་དོ་དམ་པ།དྲ་བའི་ཞབས་ཞུ་འདོན་སྤྲོད་མཁན་བཅས་ལ་ཟེར།
       ﹙བཞི﹚དྲ་བའི་གཞི་གྲངས། དྲ་བ་བརྒྱུད་དེ་འཚོལ་བསྡུ་དང་གསོག་ཉར། བརྒྱུད་གཏོང་། ཐག་གཅོད། གསར་ཐོན་བཅས་ལས་བྱུང་བའི་གློག་རྡུལ་གྱི་གཞི་གྲངས་སྣ་ཚོགས་ལ་ཟེར།
       ﹙ལྔ﹚སྒེར་གྱི་བརྡ་འཕྲིན།གློག་རྡུལ་ལམ་ཡང་ན་ཐབས་ལམ་གཞན་སྤྱད་ནས་ཐོར་བཀོད་པའི་ཁེར་རྐྱང་ངམ་ཡང་ན་བརྡ་འཕྲིན་གཞན་དང་འབྲེལ་ཏེ།མི་སྒེར་གྱི་ཐོབ་ཐང་ངོས་འཛིན་བྱེད་ཐུབ་པའི་བརྡ་འཕྲིན་སྣ་ཚོགས་ལ་ཟེར། དེར་སྒེར་གྱི་རུས་མིང་དང་སྐྱེས་སྐར། ཐོབ་ཐང་ལག་ཁྱེར་གྱི་ཨང་ཡིག སྒེར་གྱི་ལུས་ཁམས་ངོས་འཛིན་བརྡ་འཕྲིན། སྡོད་གནས། ཁ་པར་གྱི་ཨང་གྲངས་སོགས་འདུས་ཡོད།
       དོན་ཚན་དོན་བདུན་པ།རྒྱལ་ཁབ་ཀྱི་གསང་བའི་བརྡ་འཕྲིན་གསོག་ཉར་དང་ཐག་གཅོད་བྱེད་པའི་དྲ་བ་འཛུགས་གཉེར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པར། བཅའ་ཁྲིམས་འདི་ཉིད་བརྩི་དགོས་པ་ཕུད། ད་དུང་གསང་རྒྱའི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ཀྱང་བརྩི་དགོས།
       དོན་ཚན་དོན་བརྒྱད་པ།དམག་དོན་དྲ་བའི་བདེ་འཇུགས་སྲུང་སྐྱོང་སྐོར།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཟུར་ནས་གཏན་འབེབས་གནང་རྒྱུ།
       དོན་ཚན་དོན་དགུ་བ། བཅའ་ཁྲིམས་འདི་ཉིད༢༠༡༧ལོའི་ཟླ༦པའི་ཚེས༡ཉིན་ནས་བཟུང་ལག་ཏུ་བསྟར་ཡོད།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐