彩票论坛推荐
今天是:

གཞུང་ལུགས་ཞིབ་འཇུག

གཞུང་ལུགས་བརྩམས་ཆོས།

མདུན་ཤོག > གཞུང་ལུགས་ཞིབ་འཇུག > གཞུང་ལུགས་བརྩམས་ཆོས།

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།

(2017ལོའི་ཟླ་8ཚེས་1ཉིན། )

ཞི་ཅིན་ཕིང་།

སྤུན་ཟླ་རྣམ་པ། གྲོགས་པོ་རྣམ་པ།

དེ་རིང་ང་ཚོས་འདི་གར་རྒྱས་འཛོམས་བྱས་ཏེ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་མི་དམངས་དམག་དཔུང་གི་གཟི་བརྗིད་ཅན་གྱི་ལོ་རྒྱུས་ལ་ཕྱིར་དྲན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་འོད་སྟོང་འབར་བའི་མ་འོངས་མདུན་ལམ་ལ་རྒྱང་ལྟ། ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཚང་མས་མུ་མཐུད་འབད་བརྩོན་བྱེད་པར་སྐུལ་སློང་། རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་དུ་འགྱུར་བར་བྱེད་པའི་འཛད་མེད་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་ཆེད་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ལོ་ངོ་90ཡི་སྔོན། རང་རྒྱལ་ཉིད་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གནས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཉིད་དབུལ་ཕོངས་ཉམ་ཐག་དང་ནང་རྩོད་ཕྱི་འཁྲུག་གི་སྡུག་བསྔལ་གྱི་ཀློང་དུ་གནས་ཡོད་ལ། ཀྲུང་གོའི་མི་དམངས་ནི་འཁྱག་ལྟོགས་མྱངས་ཤིང་འཚོ་ཐབས་བྲལ་བའི་ཡ་ང་བའི་གནས་སུ་གྱར་ཡོད།  མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་ཆེད་དང་། བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་རྩ་སློག་གཏོང་བའི་ཆེད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་དང་དཀའ་སྤྱད་སྡུག་རུས་བསྐྱེད་ནས་འཐབ་རྩོད་བྱས་ཡོད།

ཡིན་ནའང་། གསར་བརྗེ་ཆེན་མོ་ས་འབར་རྡོ་འབར་གྱིས་སྤེལ་བཞིན་པའི་སྐབས་སུ། གུང་མིན་ཏང་ལོག་སྤྱོད་ཤོག་ཁག་གིས་གསར་བརྗེ་དང་མི་དམངས་ལ་རྒྱབ་འགལ་བྱས་པས། གུང་ཁྲན་ཏང་མི་དང་གསར་བརྗེའི་མང་ཚོགས་ལ་ཁྲག་སྦྱོར་གྱི་ལས་བྱས། སྐབས་ཤིག་རིང་། ཀྲུང་གོའི་ས་སྟེང་དུ་ཁྲག་རླངས་ཀྱིས་ཁྱབ་པ་དང་། ཀྲུང་གོའི་གུང་ཁྲན་ཏང་མ་ལུས་པར་ཚར་གཅད་པའི་ཉེན་ཁ་ཚབས་ཆེན་དང་འཕྲད་ལ། ཀྲུང་གོའི་གསར་བརྗེ་ནི་སྲོག་དབུགས་ཆད་ལ་ཉེ་བའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། འཇིགས་སུ་རུང་བའི་འཐབ་རྩོད་དང་ཁྲག་ལས་ཐོན་པའི་བསླབ་བྱའི་ཁྲོད། ང་ཚོའི་ཏང་གིས་ཤེས་རྟོགས་ཟབ་མོ་བྱས་ཡོད་པ་ཞིག་ནི། གསར་བརྗེའི་དྲག་དཔུང་མེད་ན་དྲག་ཆས་སྤྲས་པའི་གསར་བརྗེའི་ངོ་ལོག་པའི་སྡེ་ལས་རྣམ་པར་རྒྱལ་མི་ཐུབ་པ་དང་། ཀྲུང་གོའི་གསར་བརྗེ་ལ་འགོ་ཁྲིད་བྱེད་པའི་འགན་འཁྲི་ལྕི་མོ་ཐེག་མི་ནུས་ལ། ཀྲུང་གོའི་གསར་བརྗེའི་རྒྱལ་ཁ་ལེན་མི་ཐུབ་ཅིང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་བསྒྱུར་མི་ཐུབ་པའོ། །

1927ལོའི་ཟླ་8ཚེས་1ཉིན། ནན་ཁྲང་མཁར་དུ་མེ་མདའི་སྒྲ་དྲག་པོ་ཞིག་གྲག་བྱུང་བས། ང་ཚོའི་ཏང་གིས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་ལ་ངོ་རྒོལ་བྱེད་པའི་སྒོ་མོ་ཕྱེ་བ་རེད། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་གི་རླབས་ཆེའི་དོན་རྐྱེན་ཞིག་ཡིན་པ་དང་། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གི་རླབས་ཆེའི་དོན་རྐྱེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གོང་འཕེལ་གྱི་ལོ་རྒྱུས་ཐོག་གི་རླབས་ཆེའི་དོན་རྐྱེན་ཞིག་ཀྱང་ཡིན།

ནན་ཁྲང་མཁར་ནས་མེ་མདའ་བརྒྱབ་པའི་སྒྲ་དེ་ནི་མཚན་མོའི་ནམ་མཁར་འཁྱུག་པའི་གློག་ཞགས་ཤིག་དང་འདྲ་བར། ཀྲུང་གོའི་མི་དམངས་ཀྱིས་མུན་ནག་ཁྲོད་གསར་བརྗེའི་རེ་བ་མཐོང་བར་བྱས་ལ། འགལ་རྐྱེན་ཁྲོད་དཔའ་སྟོབས་བསྐྱེད་པར་བྱས། ནན་ཁྲང་འོས་ལངས་དང་། སྟོན་བསྡུའི་འོས་ལངས། ཀོང་ཀྲོའུ་འོས་ལངས། དེ་བཞིན་ས་ཁུལ་མང་པོར་དྲག་པོའི་འོས་ལངས་གཞན་དག་ཀྱང་མང་པོ་བྱུང་བས། ཀྲུང་གོའི་གུང་ཁྲན་ཏང་གིས་རང་རྐྱ་ཐུབ་པའི་སྒོ་ནས་གསར་བརྗེའི་དམག་འཁྲུག་ལ་སྣེ་ཁྲིད་དང་། མི་དམངས་དམག་དཔུང་གསར་འཛུགས་བྱེད་པའི་འགོ་བརྩམས་པ་མཚོན་ལ། ཀྲུང་གོའི་གསར་བརྗེའི་དུས་རབས་གསར་པ་ཞིག་ཕྱེ་བ་རེད།

དུས་དེ་ནས་བཟུང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་མི་དམངས་དམག་དཔུང་གིས་ཀྲུང་གོའི་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་དང་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་རང་བཙན་དང་བསྐྱར་དར་ཡོང་བ་དོན་གཉེར་བྱེད་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་དཔའ་ངར་གྱིས་ཞུགས་ཏེ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད།

ལོ་ངོ་90རིང་། མི་དམངས་དམག་དཔུང་གཡུལ་དུ་ཆས་ནས་གེགས་བར་སྣ་ཚོགས་ཁྱད་དུ་བསད་ཅིང་རང་སྲོག་ཕངས་མེད་ཀྱིས་བློས་བཏང་བས། གཟི་འོད་འཕྲོ་བའི་རྒྱལ་ཁ་གཅིག་རྗེས་གཉིས་མཐུད་དུ་བླངས་ལ། ཏང་དང་མི་དམངས་ལ་རླབས་ཆེ་བའི་ལོ་རྒྱུས་ཀྱི་བྱས་རྗེས་བསྐྲུན་ཡོད།

—རླབས་ཆེའི་ལོ་རྒྱུས་ཀྱི་བྱས་རྗེས་དེ་ནི། དཔའ་ངར་ཅན་གྱི་མི་དམངས་དམག་དཔུང་གིས་ཏང་གིས་འགོ་ཁྲིད་བྱས་པའི་ལོ་22རིང་གི་དྲག་པོའི་གསར་བརྗེའི་འཐབ་རྩོད་ཁྲོད། རྒྱལ་ཁ་ཐོབ་པའི་གདེང་དང་ལྡན་པའི་དཔའ་སྟོབས་དང་། འགྱུར་བ་མེད་པའི་གསར་བརྗེའི་སྙིང་རུས། བབ་བསྟུན་གྱི་འཐབ་ཇུས་འཐབ་རྩལ། དཔའ་མཛངས་རྟུལ་ཕོད་ཅན་གྱི་དམག་འཐབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ཏེ། བསམ་ཡུལ་ལས་འདས་པའི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གདུག་རྩུབ་ཆེ་བའི་དགྲ་བོ་ཕམ་པར་བྱས་ཡོད་ལ། ས་ཞིང་གསར་བརྗེའི་དམག་འཁྲུག་དང་། ལྗར་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་ཀྱི་རླབས་ཆེའི་རྒྱལ་ཁ་བླངས་ཡོད་ཅིང་། ཀྲུང་གོའི་མི་དམངས་ཀྱི་མགོ་བོར་གནོན་པའི་རི་བོ་ཆེན་པོ་གསུམ་རྩ་སློག་བྱས་ཡོད་པ་དང་། ཟུངས་ཁྲག་དང་ཚེ་སྲོག་གིས་མི་དམངས་ཁྱིམ་གྱི་བདག་པོ་བྱེད་པའི་ཀྲུང་གོ་གསར་པ་འཛུགས་ཆེད་རྨང་བརྟན་པོ་བཏིང་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ནས་བཟུང་གི་རྗེས་ལུས་དང་ཉེས་རྡུང་འཁེལ་བའི་གཞན་དབང་དུ་གྱུར་པའི་རྣམ་པ་རྩ་བའི་ཐོག་ནས་བསྒྱུར་ཡོད།

—རླབས་ཆེའི་ལོ་རྒྱུས་ཀྱི་བྱས་རྗེས་དེ་ནི། དཔའ་ངར་ཅན་གྱི་མི་དམངས་དམག་དཔུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། མེས་རྒྱལ་སྲུང་སྐྱོབ་དང་དང་མི་དམངས་ཀྱི་ཞི་བའི་ངལ་རྩོལ་སྲུང་སྐྱོབ་བྱེད་པའི་འགན་ནུས་ཕྱོགས་ཡོངས་ནས་བསྒྲུབས་པ་དང་། ཨ་འགོག་ཁྲའོ་རོགས་དམག་འཁྲུག་དང་མཐའ་མཚམས་རང་སྲུང་དམག་འཁྲུག་ཐེངས་མང་པོ་རྒྱལ་ཁའི་ངང་བྱས་པས། རྒྱལ་ཁབ་དང་དམག་དཔུང་གི་ཟིལ་ཤུགས་བསྟན་ཡོད་པ་དང་། མེས་རྒྱལ་གྱི་ལེ་དབར་ཁྲི་ཕྲག་གིས་ཆོད་པའི་མཐའ་མཚམས་དང་ཡངས་པའི་རྒྱ་མཚོ་དང་བར་སྣང་སྲུང་སྐྱོབ་བྱས་ཡོད་ལ། གསར་ཚུགས་མི་དམངས་སྲིད་དབང་བརྟན་པོ་བཟོ་བ་དང་། ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གོ་གནས་ཆགས་པ། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བཅས་ཀྱི་ཐད་རྒྱབ་རྟེན་བརྟན་པོ་འདོན་སྤྲོད་བྱས་ཡོད།

—རླབས་ཆེའི་ལོ་རྒྱུས་ཀྱི་བྱས་རྗེས་དེ་ནི། དཔའ་ངར་ཅན་གྱི་མི་དམངས་དམག་དཔུང་གིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེའི་གསར་བརྗེ་གསར་པའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། རྒྱལ་ཁབ་ཀྱི་བསྒྱུར་བཅོས་གོང་འཕེལ་བརྟན་བརླིང་གསུམ་གྱི་སྤྱི་ཁོག་ལ་ཞབས་ཕྱི་དང་དེ་འགན་སྲུང་ནུས་ལྡན་བྱས་པ་དང་། ཞང་ཀང་དང་ཨའོ་མོན་གྱི་འགོག་སྲུང་ལས་འགན་ཁྲིམས་ལྟར་བསྒྲུབས་ལ། རྒྱལ་ཁབ་ཀྱི་བདེ་འཇགས་ཐད་འཕྲད་པའི་འཇིགས་ཉེན་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། རྣམ་པ་གང་ཡང་རུང་བའི་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྒོ་ཡོད་ཚད་ལ་མཐའ་གཅིག་ཏུ་རྡུང་རྡེག་བཏང་ལ། ཕྱི་ཕྱོགས་དམག་དོན་སྤེལ་རེས་དང་མཉམ་ལས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་འགུལ་ཁྲོད་ཧུར་ཐག་གིས་ཞུགས་པས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་། རང་རྒྱལ་གོང་འཕེལ་ཡོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྲུང་སྐྱོང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བཅས་བྱེད་པའི་ཐད་འདེགས་སྐྱོར་སྟོབས་དང་ལྡན་པ་འདོན་སྤྲོད་བྱས་ཡོད།

མི་དམངས་དམག་དཔུང་གིས་དང་པོ་ཉིད་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་འགྲོ་བའི་གོམ་སྟབས་ཀྱི་རྗེས་དམ་པོར་བསྙེགས་ནས། འཐབ་འཛིང་ཁྲོད་འཚར་ལོངས་བྱུང་བ་དང་། རྒྱུན་འཛིན་ཁྲོད་གསར་གཏོད་བྱས་ལ། འཛུགས་སྐྲུན་ཁྲོད་གོང་འཕེལ་བྱུང་བས། གསར་བརྗེ་ཅན་དེང་རབས་ཅན་དངོས་གཞི་ཅན་བཅས་ཀྱི་ཆུ་ཚད་མུ་མཐུད་ནས་མཐོ་རུ་ཕྱིན་ཡོད་ལ། རྔམ་རྫིག་དང་དངོས་འཐབ་ནུས་པ་མུ་མཐུད་ནས་ཆེ་རུ་ཕྱིན་ཡོད། མི་དམངས་དམག་དཔུང་ཉིད་སྔོན་ཆད་ཀྱི་དམག་རིགས་རྐྱང་མའི་དམག་དཔུང་ནས་དམག་རིགས་མང་པོ་མཉམ་འབྲེལ་བྱས་པའི་སྟོབས་ལྡན་དམག་དཔུང་དུ་གོང་འཕེལ་བྱུང་ཡོད་པ་དང་། སྔོན་ཆད་ཀྱི་“ཁྲེ་དང་རྫས་མདའ་”ཡིས་དྲག་ཆས་སྤྲས་པའི་དམག་དཔུང་ནས་འཕྲུལ་ཆས་ཅན་གཞི་རྩའི་ཐོག་མངོན་དུ་གྱུར་པ་དང་། ཆ་འཕྲིན་ཅན་དུ་མགྱོགས་པོར་འགྱུར་བའི་སྟོབས་ལྡན་དམག་དཔུང་དུ་གོང་འཕེལ་བྱུང་ཡོད།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ལོ་ངོ་90རིང་། རང་རེའི་རྒྱལ་ཁབ་དང་རང་རེའི་མི་རིགས་ནི་གེགས་བར་གྲངས་མེད་བསལ་བས་དཔའ་རྒྱས་པར་གྱུར་པ་དང་།  དཀའ་སྡུག་ཚད་མེད་མྱངས་པས་གཟི་འོད་ལྡན་པར་གྱུར་ཏེ། སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ཡར་ལངས་ཐོབ་པ་ནས་འབྱོར་ལྡན་དང་དེ་ནས་སྟོབས་ལྡན་དུ་གྱུར་པའི་མཆོང་སྐྱོད་གཟེངས་མཐོ་བ་བྱུང་ཡོད། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བརྟན་པོ་བྱས་པའི་རྒྱལ་ཁ་ཡིན་པ་དང་། ཀྲུང་གོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པའི་རྒྱལ་ཁ་ཡིན་ལ། མི་དམངས་དམག་དཔུང་གིས་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་པའི་རྒྱལ་ཁའང་ཡིན།

དཔལ་ཡོན་དང་གཟི་བརྗིད་ལྡན་པའི་དུས་བཟང་འདིར། ང་ཚོས་མི་དམངས་དམག་དཔུང་གསར་འཛུགས་དང་གསོ་སྦྱོང་གནང་བའི་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིན་བཅས་དང་། བློ་མཐུན་ཕེང་ཏེ་ཧོའེ་དང་། ལིའུ་པོ་ཁྲེང་། ཧོ་ལུང་། ཁྲེན་དབྱི། ལུའོ་རུང་ཧོན། ཞུས་ཞང་ཆན། ཉེ་རུང་ཀྲེན། ཡེ་ཅན་ཡིང་སོགས་གསར་བརྗེ་མཁས་པ་རྒན་རབས་དང་དམག་དོན་མཁས་པ་རྣམས་ལ་སྙིང་ཁོང་རུས་པའི་གཏིང་ནས་དྲན་གསོ་ཞུ་རྒྱུ་ཡིན། ཁོང་རྣམ་པའི་གཟེངས་སུ་ཐོན་པའི་མཛད་རྗེས་ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་བཀོད་ཡོད།

དཔལ་ཡོན་དང་གཟི་བརྗིད་ལྡན་པའི་དུས་བཟང་འདིར། ང་ཚོས་ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་ཐད་དཔའ་ངར་ཞུམ་མེད་ཀྱིས་རང་སྲོག་བློས་བཏང་བའི་མི་དམངས་དམག་དཔུང་གི་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་སྙིང་ཁོང་རུས་པའི་གཏིང་ནས་དྲན་གསོ་ཞུ་རྒྱུ་ཡིན། ཁོང་རྣམ་པའི་རང་སྲོག་བློས་བཏང་གི་མཛད་སྤྱོད་ནམ་ཡང་ཀྲུང་གོའི་མི་དམངས་ཀྱི་སེམས་གཏིང་དུ་བཅངས་ཡོད།

ངས་འདི་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་ཞུས་ནས། མེས་རྒྱས་སྲུང་སྐྱོབ་དང་མེས་རྒྱལ་འཛུགས་སྐྲུན་གྱི་ལས་གནས་སོ་སོར་འབད་འཐབ་བྱེད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག  གྲ་སྒྲིག་དམག་ཞབས་དམག་མི་དང་རྒྱ་ཆེའི་དམངས་དམག་བཅས་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་བྱ་གཞག་ཐད་བྱས་རྗེས་གལ་ཆེན་བཞག་པའི་མི་དམངས་དམག་དཔུང་གི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་རྣམས་ལ་ཞེ་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། དུས་སྐབས་སོ་སོའི་ནང་མི་དམངས་དམག་དཔུང་གི་འཛུགས་སྐྲུན་ཐད་ལ་བྱས་རྗེས་བཞག་པའི་ལས་བསྒྱུར་ཕྱིར་སློག་དམག་མི་དང་། གསར་བརྗེའི་རྨས་དམག སྔོན་གཤེགས་དཔའ་བོའི་ནང་མི་བཅས་ལ་ཞེ་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱལ་སྲུང་ཚན་རྩལ་བཟོ་ལས་འཐབ་ཕྱོགས་སུ་འབད་བརྩོན་ཧུར་སྐྱེད་བྱེད་པའི་ཚན་རིག་མཁས་པ་དང་། བཟོ་བཀོད་ལག་རྩལ་མི་སྣ། ལས་བྱེད་པ་དང་ལས་བཟོ་བ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་རྒྱུ་ཡིན། དུས་ཡུན་རིང་པོའི་ནང་མི་དམངས་བཅིངས་འགྲོལ་དམག་གི་འཛུགས་སྐྱོང་ལ་རྒྱབ་སྐྱོར་གནང་བའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ལ་རྗེས་སུ་ཡི་རང་བྱ་རྒྱུ་ཡིན།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ལོ་ངོ་90རིང་གི་ཡུན་རིང་ལག་ལེན་ཁྲོད། མི་དམངས་དམག་དཔུང་གིས་ཏང་གི་དར་ཆའི་འོག་མདུན་སྐྱོད་བྱས་ཏེ། དམག་འཛུགས་དམག་སྐྱོང་སྐོར་གྱི་རྩ་དོན་ཆ་ཚང་ཞིག་ཆགས་ཡོད་པ་དང་། མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་གོང་སྤེལ་བཏང་ཡོད་ལ། ཁྱད་དུ་འཕགས་པའི་གཟི་བརྗིད་ཅན་གྱི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་གསོ་སྦྱོང་བྱས་ཡོད། དེ་ནི་མི་དམངས་དམག་དཔུང་གིས་རྒྱལ་ཁའི་རྒྱལ་ཁ་ལེན་ཐུབ་པའི་ཁྱིམ་རྒྱུད་ནོར་བུ་ཡིན་ལ། མི་དམངས་དམག་དཔུང་གིས་ངེས་པར་བརྗེད་དུ་མི་རུང་བའི་ཁྲག་རྒྱུན་དྲོན་མོའང་ཡིན།

—མི་དམངས་དམག་དཔུང་གིས་རྒྱལ་ཁའི་རྒྱལ་ཁ་བླངས་པ་དེས། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་རླབས་ཆེའི་སྟོབས་ཤུགས་མངོན་པར་མཚོན་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་བསྟན་པ་ནང་བཞིན་ཏེ། “ང་ཚོའི་རྩ་དོན་ནི་ཏང་གིས་མེ་མདའ་ལ་བཀོད་འདོམས་བྱེད་པ་ལས། མེ་མདས་ཏང་ལ་བཀོད་འདོམས་གཏན་ནས་བྱེད་དུ་འཇུག་མི་རུང་།” ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ནི། ནན་ཁྲང་འོས་ལངས་ནས་འགོ་ཚུགས་པ་དང་། སན་ཝན་ལེགས་སྒྲིག་ནས་རྩ་བ་ཚུགས་ལ། ཀུའུ་ཐེན་གྲོས་ཚོགས་ནས་གཏན་ཁེལ་བྱས་པ་ཞིག་ཡིན་ཏེ། འདི་ནི་མི་དམངས་དམག་དཔུང་དེ་དམག་དཔུང་རྙིང་པ་མཐའ་དག་དང་རྩ་བའི་ཆ་ནས་མི་འདྲ་བའི་ཆབ་སྲིད་ཀྱི་ཁྱད་རྟགས་དང་རྩ་བའི་དགེ་མཚན་ཡིན། གསར་བརྗེའི་དཔོན་དམག་ཁྲི་མ་འབུམ་གྱིས་འགྱུར་བ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། གེགས་བར་འཕྲད་དུས་སྔར་བས་དཔའ་ངར་ཆེ་བསྐྱེད་དང་། དཀའ་སྡུག་འཕྲད་དུས་སྔར་བས་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་ཏེ། གཞིག་ན་བཤིག་མི་ཐུབ་པ་དང་། གཞོམ་ན་བཅོམ་མི་ཐུབ་པ། རྒོལ་ཚད་རྣམ་པར་གནོན་ཐུབ་པ། འཐབ་ཚད་རྣམ་པར་རྒྱལ་ཐུབ་པ་བཅས་ཀྱི་ལྕགས་ལྟ་བུའི་དམག་དཔུང་ཧྲག་པོ་ཞིག་ཏུ་གསོ་སྦྱོང་བྱས་ཡོད། ཆར་རླུང་དྲག་ཏུ་འཚུབ་པའི་ཡུན་རིང་གི་གསར་བརྗེའི་འགྲོ་ལམ་ཐོག རང་རེའི་དཔོན་དམག་རྣམས་ཀྱིས་སྨྲ་བར་སྤྲོ་བའི་སྐད་ཆ་ཚིག་གཅིག་ནི། ཏང་གི་རྗེས་འབྲངས་ནས་ཕྱིན་ན་རྒྱལ་ཁ་འཐོབ་ངེས་ཡིན། ཞེས་པ་དེའོ། །བློ་དཀར་བ་དེས་མི་དམངས་དམག་དཔུང་གིས་ཏང་ལ་ལྷག་བསམ་ཟོལ་མེད་བྱེད་པ་སྐྱེད་སྲིང་བྱས་ཡོད་པ་དང་། མི་དམངས་དམག་དཔུང་དང་མི་དམངས་དབར་གྱི་ཆུ་དང་ཉ་མོའི་བརྩེ་བ་བསྐྱངས་ཡོད་ལ། མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ཀྱི་ཆེད་གདོང་མཆོང་དཔུང་གཏོར་བྱེད་པའི་བློ་རྩ་བརྟན་པོ་བསྐྱེད་ཡོད།

ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། ཏང་གིས་མེ་མདའ་ལ་བཀོད་འདོམས་བྱེད་པ་ནི་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་འགན་ལེན་ཡིན་པ་དང་། དེ་ནི་ང་ཚོའི་ཏང་གིས་ཁྲག་དང་རྔུལ་ཆུའི་འཐབ་རྩོད་ཁྲོད་བྱུང་བའི་གཞོམ་གཞིག་མེད་པའི་བདེན་ལུགས་ཤིག་ཡིན། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོ་ཡོད་ན། མི་དམངས་དམག་དཔུང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་སྟོབས་ཤུགས་ལྡན་ངེས་ཡིན། མདུན་སྐྱོད་ཀྱི་ལམ་དུ། ངེས་པར་དུ་མི་དམངས་དམག་དཔུང་གིས་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་དང་། དེ་ཉིད་མི་དམངས་དམག་དཔུང་གིས་ནམ་ཡང་བསྒྱུར་མི་རུང་བའི་བླ་སྲོག་དང་ནམ་ཡང་འདོར་མི་རུང་བའི་སྲོག་རྩ་ཡིན་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་གི་དར་ཆ་ཉིད་དར་ཆ་རུ་འཛིན་པ་དང་། ཏང་གི་ཁ་ཕྱོགས་ཉིད་ཁ་ཕྱོགས་སུ་འཛིན་པ། ཏང་གི་འདོད་བློ་ཉིད་འདོད་བློ་རུ་འཛིན་པ་བཅས་བཅས་བྱེད་དགོས།

—མི་དམངས་དམག་དཔུང་གིས་རྒྱལ་ཁའི་རྒྱལ་ཁ་བླངས་པ་དེས། ཕུགས་བསམ་དང་དད་སེམས་ཀྱི་རླབས་ཆེའི་སྟོབས་ཤུགས་མངོན་པར་མཚོན་ཡོད། བླ་ན་མེད་པའི་ཕུགས་བསམ་དང་འགྱུར་བ་མེད་པའི་དད་སེམས་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། མི་དམངས་དམག་དཔུང་གི་བསམ་པའི་ཀ་རྟེན་ཡང་ཡིན། བློ་མཐུན་ཏེང་ཞའོ་ཕིན་གྱིས་བསྟན་མྱོང་བ་སྟེ།  “སྔོན་ཆད་ང་ཚོས་ཅིའི་ཕྱིར་དཀའ་སྡུག་ཤིན་ཏུ་ཆེ་བའི་གནས་ཚུལ་འོག་འབད་བརྩོན་བྱས་མཐར། དཀའ་ཉེན་ཁྲི་སྟོང་མང་པོ་ཁྱད་དུ་བསད་དེ་གསར་བརྗེའི་རྒྱལ་ཁ་ལེན་ཐུབ་པ་ཡིན་ནམ་ཞེ་ན། དེ་ནི་ང་ཚོར་ཕུགས་བསམ་དང་། མར་ཁེ་སི་རིང་ལུགས་ཀྱི་དད་སེམས། གུང་ཁྲན་རིང་ལུགས་ཀྱི་དད་སེམས་བཅས་ཡོད་པས་ཡིན།” དཀའ་སྡུག་ཚད་མེད་མྱངས་པའི་རི་བོ་ཅིང་ཀང་ཧྲན་གྱི་འཐབ་རྩོད་ནས་དཀའ་ཉེན་ཁྲི་སྟོང་མང་པོ་འཕྲད་པའི་རྒྱང་སྐྱོད་ཀྱི་ལམ་བུ་དང་། མི་ཤི་རྟ་འགྱེལ་གྱི་ལྗར་འགོག་དམག་འཁྲུག་ནས་ཚེགས་མེད་ལྷུན་གྲུབ་ཀྱི་བཅིངས་འགྲོལ་དམག་འཁྲུག རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་ཡོང་བ་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་ནས་ཉེན་སྐྱོབ་གནོད་སེལ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དཀའ་སྤྱད་སྙིང་རུས། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་ལེགས་སྐྱེས་ཕངས་མེད་འབུལ་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་བཅས་ཀྱི་ཐད། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ཀྱི་ལམ་སྟོན་སྒྲོན་མེས་མི་དམངས་དམག་དཔུང་སྣེ་ཁྲིད་བྱས་ཏེ་མདུན་ནས་མདུན་དུ་བསྐྱོད་པ་རེད།

ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ། མི་དམངས་དམག་དཔུང་གིས་དཀའ་ངལ་ཁྱད་བསད་དང་། གཡུལ་ལས་རྣམ་པར་རྒྱལ་བ། གོང་འཕེལ་རྒྱ་སྐྱེད་བཅས་བྱས་ཐུབ་པའི་རྒྱུ་རྐྱེན་གང་ལགས་ཞེ་ན། གནད་འགག་ནི་མི་དམངས་དམག་དཔུང་ལ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཡོད་པ་དང་། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ཡོད་ལ། ཕུགས་བསམ་དང་དད་སེམས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་རང་ལུས་འབུལ་བའི་བླ་མེད་ཀྱི་ཕུགས་འདུན་ཡོད་པ་བཅས་ལ་ཐུག་ཡོད། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ནི་མི་དམངས་དམག་དཔུང་ཉིད་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་པའི་བསམ་པའི་སྟོབས་ཤུགས་ཡིན་ལ། དམག་ཡོངས་ཀྱི་དཔོན་དམག་ཚང་མའི་སེམས་གཏིང་ན་རབ་ཏུ་འབར་བའི་མེ་སྒྲོན་ཡང་ཡིན། མདུན་སྐྱོད་ཀྱི་ལམ་བུའི་ཐོག མི་དམངས་དམག་དཔུང་གིས་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ཀྱི་ཆེད་རང་ལུས་ཕངས་མེད་དུ་འབུལ་ཕོད་པ་བྱེད་དགོས།

—མི་དམངས་དམག་དཔུང་གིས་རྒྱལ་ཁའི་རྒྱལ་ཁ་བླངས་པ་དེས། བསྒྱུར་བཅོས་གསར་གཏོད་ཀྱི་རླབས་ཆེའི་སྟོབས་ཤུགས་མངོན་པར་མཚོན་ཡོད། མི་དམངས་དམག་དཔུང་འཚར་ལོངས་གོང་འཕེལ་བྱུང་བའི་ལོ་རྒྱུས་ནི་བསྒྱུར་བཅོས་དང་གསར་གཏོད་ཀྱི་ལོ་རྒྱུས་ཤིག་ཡིན། ས་ཞིང་གསར་བརྗེའི་དམག་འཁྲུག་དུས་སྐབས་སུ་དམག་འཛུགས་རྩ་དོན་དང་ལམ་ལུགས་གསར་དུ་བཙུགས་པ་དང་། ལྗར་འགོག་དམག་འཁྲུག་སྐབས་སུ་དམག་ཧྲག་ཁུ་བསྡུས་ལག་བསྟར། བཅིངས་འགྲོལ་དམག་འཁྲུག་དུས་སྐབས་སུ་རི་འཐབ་དམག་སྡེ་ཆེན་པོ་ལྔ་བཙུགས་པ། ཀྲུང་གོ་གསར་པ་དབུ་བརྙེས་པའི་རྗེས་སུ་སྒྲིག་སྲོལ་དང་སྒྲིག་འཛུགས་ལེགས་སྒྲིག་ཐེངས་མང་བྱས་པ་བཅས་ཏེ། མི་དམངས་དམག་དཔུང་གིས་འཐབ་ཞོར་བསྒྱུར་བཅོས་དང་། འཛུགས་ཞོར་བསྒྱུར་བཅོས། བསྒྱུར་བཅོས་ཇི་ལྟར་བྱས་ན་དེ་ལྟར་སྟོབས་ལྡན་དུ་གྱུར་ཡོད། དམར་དམག་དུས་སྐབས་ཀྱི་“རྩ་བའི་ཡིག་འབྲུ་བཅུ་དྲུག་”ནས་ལྗར་འགོག་དམག་འཁྲུག་དུས་སྐབས་ཀྱི་“ཡུན་སྲིང་དམག་འཁྲུག་”དང་། བཅིངས་འགྲོལ་དམག་འཁྲུག་དུས་སྐབས་ཀྱི་“དམག་དོན་རྩ་དོན་ཆེན་པོ་བཅུ་”ནས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་དུས་སྐབས་ཀྱི་“བྱི་རིལ་མཉེན་པོ་ཐར་ཐོར་བྱེད་པ།” དེ་ནས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སུ་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་མུ་མཐུད་ནས་ལེགས་བཅོས་བྱས་པ་བཅས་ཏེ། མི་དམངས་དམག་དཔུང་གིས་དམག་འཁྲུག་ཁྲོད་དམག་འཁྲུག་སློབ་སྦྱོང་དང་། ལག་ལེན་ཁྲོད་ཆོས་ཉིད་འཚོལ་ཞིབ་བྱས་ཏེ། འཛམ་གླིང་དམག་དོན་ལོ་རྒྱུས་ཐོག་དམག་འཁྲུག་ཁྲིད་སྟོན་སྒྱུ་རྩལ་མུ་མཐུད་ནས་གསར་གཏོད་བྱེད་པའི་གསོན་ཉམས་ལྡན་པའི་བསྟན་བཅོས་གསར་པ་བརྩམས་ཡོད།

ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། བསྒྱུར་བཅོས་དང་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་བྱེད་པ་ནི་མི་དམངས་དམག་དཔུང་མུ་མཐུད་ནས་གོང་འཕེལ་དུ་འགྲོ་བའི་ལམ་ཁ་ཡངས་པོ་ཞིག་ཡིན་པ་དང་། མི་དམངས་དམག་དཔུང་གི་སྟོབས་ཤུགས་ནི་བསྒྱུར་བཅོས་དང་གསར་གཏོད་ལས་བྱུང་བ་ཡིན་ལ། མི་དམངས་དམག་དཔུང་གི་རྒྱལ་ཁའང་བསྒྱུར་བཅོས་དང་གསར་གཏོད་ལས་བྱུང་བ་ཡིན། མུ་མཐུད་ནས་བསྒྱུར་བཅོས་དང་གསར་གཏོད་བྱས་ན། ད་གཟོད་ཡར་རྒྱས་གོང་འཕེལ་འགྲོ་བའི་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ཐུབ་ལ། ད་གཟོད་ནམ་ཡང་མི་ཕམ་པའི་གནས་སུ་ཚུགས་ཐུབ། མདུན་སྐྱོད་ཀྱི་ལམ་བུའི་ཐོག མི་དམངས་དམག་དཔུང་གིས་ངེས་པར་དུ་བསྒྱུར་བཅོས་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་པོ་ཡོང་བ་བྱེད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་ཉམས་གོང་འཕེལ་ཡོང་བ་བྱེད་དགོས།

—མི་དམངས་དམག་དཔུང་གིས་རྒྱལ་ཁའི་རྒྱལ་ཁ་བླངས་པ་དེས། དམག་འཐབ་སྙིང་སྟོབས་ཀྱི་རླབས་ཆེའི་སྟོབས་ཤུགས་མངོན་པར་མཚོན་ཡོད། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ། དཀའ་སྡུག་ལ་མི་སྐྲག་པ་དང་ཤི་རྒྱུར་མི་སྐྲག་པ་བཅས་ནི་མི་དམངས་དམག་དཔུང་དཔའ་མཛངས་མཐོ་བའི་རང་རྟགས་རེད། “ལང་ཡ་རི་བོའི་དཔའ་བོ་ལྔ་”དང་། “དམར་འཛིང་དཔའ་བོ་ལེན།” “ལིའུ་ལའོ་གྲོང་སྡེའི་ལེན།” ཏུང་ཚུན་རུའེ། ཆིའུ་ཧྲའོ་ཡུན། ཧོང་ཅི་ཀོང་ལ་སོགས་པའི་དཔའ་བོའི་ཚོགས་སྡེ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་བགྲང་དུ་མེད་པ་དག་གིས་སྲོག་དང་བསྡོས་ནས་དཔའ་སྙིང་བསྐྱངས་ཡོད། མདེལ་ཆར་དྲག་པོའི་དམག་འཁྲུག་ཁྲོད། དཔའ་དྲེགས་ཆེ་བའི་སྟོབས་ལྡན་གྱི་དགྲ་བོ་དང་གདོང་གཏུག་སྐབས། མི་དམངས་དམག་དཔུང་གིས་“ཡིད་ཆེས་མི་བྱེད་པ་གསུམ་”གྱི་དཔའ་བོའི་བསྒྲགས་གཏམ་སྤེལ་མྱོང་བ་ནི། གསར་བརྗེའི་དམག་མིའི་མདུན་དུ། འགྲུབ་མི་ཐུབ་པའི་ལས་འགན་ཡོད་པར་ཡིད་ཆེས་མི་བྱེད་པ་དང་། སེལ་མི་ཐུབ་པའི་དཀའ་ངལ་ཡོད་པར་ཡིད་ཆེས་མི་བྱེད་པ། རྒྱལ་མི་ཐུབ་པའི་དགྲ་བོ་ཡོད་པར་ཡིད་ཆེས་མི་བྱེད་པ་བཅས་གསུམ་པོའོ། །དཔའ་མཛངས་རྟུལ་ཕོད་དང་། རང་སྲོག་བློས་གཏོང་། དམར་འཛིང་མཐའ་འཁྱོལ་བཅས་བྱས་པ་སྟེ། མི་དམངས་དམག་དཔུང་གིས་དཔའ་བོའི་ངང་ཚུལ་བསྟན་པས་ཏང་གི་ཡིད་ཆེས་ཐོབ་ཡོད་པ་དང་། མི་དམངས་ཀྱི་བསྔགས་བརྗོད་ཐོབ་ཡོད་ལ། འཛམ་གླིང་གི་བརྩི་བཀུར་ཡང་ཐོབ་ཡོད།

ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། དམག་འཁྲུག་ནི་དངོས་པོའི་བསྡུར་བ་ཡིན་ལ། སྙིང་སྟོབས་ཀྱི་བསྡུར་བ་དེ་བས་ཀྱང་ཡིན། དད་འདུན་བརྟན་པོ་ཞིག་མེད་ཅིང་། བློས་གཏོང་ཕོད་པའི་གཤིས་རྒྱུད་མེད་ཚེ། མཚོན་ཆ་ཇི་འདྲ་ལེགས་ཀྱང་རྒྱལ་ཁ་ལེན་ཐུབ་པའི་ངེས་པ་མེད། མི་རབས་ནས་མི་རབས་ཀྱི་གསར་བརྗེའི་དམག་མི་དག་གིས་འཆི་འཐབ་དྲག་པོ་བྱེད་པའི་དཔའ་མཛངས་ལ་བརྟེན་ནས་དགྲ་བོ་མ་ལུས་རྣམ་པར་གནོན་པ་ལས་དགྲ་བོར་མགོ་གཏན་ནས་མི་སྒུར་བའི་དཔའ་སྙིང་ཆེན་པོ་ཆགས་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག མི་དམངས་དམག་དཔུང་གིས་འཐབ་ཕོད་ཅིང་རྒྱལ་ངེས་པའི་སྙིང་སྟོབས་དང་གཤིས་རྒྱུད་ངེས་པར་དུ་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་བློ་སྤོབས་རྒྱུན་འཁྱོངས་བྱེད་དགོས།

—མི་དམངས་དམག་དཔུང་གིས་རྒྱལ་ཁའི་རྒྱལ་ཁ་བླངས་པ་དེས། གསར་བརྗེའི་སྒྲིག་ཁྲིམས་ཀྱི་རླབས་ཆེའི་སྟོབས་ཤུགས་མངོན་པར་མཚོན་ཡོད། མི་དམངས་དམག་དཔུང་གིས་དང་པོ་ཉིད་ནས་སྒྲིག་ཁྲིམས་དམ་པོར་བསྡམས་པས་གྲགས་པ་འཛམ་གླིང་ཡོངས་སུ་རྒྱས་ཡོད་ལ། གསར་དུ་བཙུགས་པ་བཟུང་གསར་བརྗེའི་བློ་ཐུབ་རང་བཞིན་དང་། ཆབ་སྲིད་ཀྱི་རང་རྟོགས་རང་བཞིན། སྒྲིག་ཁྲིམས་ཀྱི་དམ་ནན་རང་བཞིན་བཅས་ཟུང་སྦྲེལ་དང་། དད་འདུན་བཀོད་འདོམས་བྱ་སྤྱོད་གསུམ་གཅིག་གྱུར།  དཔུང་དམག་ཚང་མས་བཀའ་ངེས་པར་དུ་སྒྲུབ་པ་དང་བཀག་སྡོམ་ངེས་པར་དུ་སྲུང་བ། ཕར་རྒོལ་གྱི་སྟག་འདྲ་དང་སྲུང་འགོག་གི་རི་རྒྱལ་ལྟ་བུ་བཅས་བྱས་ཡོད། ཚད་མཐོའི་ཆབ་སྲིད་ཀྱི་གོ་རྟོགས་རྨང་གཞིར་བྱས་པའི་གསར་བརྗེའི་སྒྲིག་ཁྲིམས་ཡོད་ཕྱིར། དཔོན་དམག་རྣམས་ཀྱིས་འཁྱག་ལྟོགས་ཇི་འདྲ་བ་མྱངས་ཀྱང་མང་ཚོགས་ཀྱི་ཁབ་དང་སྐུད་པ་ཙམ་ཡང་མི་ལེན་པ་དང་། ལུས་པོ་མེས་བསྲེགས་ཀྱང་རི་ལྟར་གཡོ་མེད་གནས་ལ་ཐ་ན་སྲོག་ཕུལ་བ་དང་། དཀའ་སྡུག་ཇི་འདྲ་བ་འཕྲད་ཀྱང་འཐབ་ས་བརྟན་སྲུང་དང་རང་སྲོག་བློས་བཏང་བཅས་བྱས་ཡོད་པ་རེད། མི་དམངས་དམག་དཔུང་ནི་དང་པོ་ཉིད་ནས་ཚད་མཐོའི་མཐུན་སྒྲིལ་གཅིག་གྱུར་གྱི་འཐབ་འཛིང་ཚོགས་པ་ཞིག་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་སྒྲིལ་ཤུགས་དང་འཐབ་ནུས་སྟོབས་དང་ལྡན་པ་ཞིག་རྒྱུན་སྐྱོང་བྱས་ཡོད།

ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། སྒྲིག་ཁྲིམས་རང་བཞིན་ལ་ཤུགས་སྣོན་བྱས་ན། ལེགས་འགྲུབ་མི་ཡོང་བའི་གསར་བརྗེ་གཅིག་ཀྱང་མེད། ཅེས་པའོ། །དམག་དཔུང་ཞིག་གི་སྟོབས་ཤུགས་ནི་མི་གྲངས་མང་ཉུང་དང་མཚོན་ཆའི་བཟང་ངན་ལ་ལྟ་དགོས་པ་མ་ཟད། ད་དུང་དེའི་སྒྲིག་ཁྲིམས་རང་བཞིན་ལ་ལྟ་དགོས། སྒྲིག་ཁྲིམས་མེད་པའི་དམག་དཔུང་གང་ཡང་རུང་བ་ཞིག་ནི་ཁྭ་སྐྱག་ཁྱུ་བསྒྲིགས་བྱས་པ་ཙམ་ལས་མ་འདས། མདུན་སྐྱོད་ཀྱི་ལམ་བུའི་ཐོག མི་དམངས་དམག་དཔུང་གིས་ངེས་པར་དུ་ལྕགས་ལྟ་བུའི་སྒྲིག་ཁྲིམས་བསྟེན་ནས་ལྕགས་ལྟ་བུའི་འདུན་པ་གཅིག་སྒྲིལ་དང་། ལྕགས་ལྟ་བུའི་སྤྱོད་ཚུལ་གསོ་སྦྱོང་། ལྕགས་ལྟ་བུའི་དཔུང་ཁག་སྦྱོང་བརྡར་བཅས་བྱེད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་བྱ་སྤྱོད་ཡོད་ཚད་བཀོད་འདོམས་ལ་ཉན་པ་དང་། གོམ་ཁ་གཅིག་མཐུན་དུ་སྤོས་ནས་མདུན་སྐྱོད་བྱེད་དགོས།

—མི་དམངས་དམག་དཔུང་གིས་རྒྱལ་ཁའི་རྒྱལ་ཁ་བླངས་པ་དེས། དམག་དམངས་མཐུན་སྒྲིལ་གྱི་རླབས་ཆེའི་སྟོབས་ཤུགས་མངོན་པར་མཚོན་ཡོད། མི་དམངས་དམག་དཔུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་གཏད་བཅས་བྱས་པ་དང་། དོན་དམ་དུ་མི་དམངས་ཀྱི་ཆེད་འབད་བརྩོན་བྱས་ལ། གང་དུ་དགྲ་བོ་ཡོད་པ་དང་། གང་དུ་དཀའ་ཉེན་འཕྲད་པ་དེར་མི་དམངས་ཀྱི་དམག་མི་ཡོད་པ་ཡིན། སུ་ཞིག་གིས་མི་དམངས་སེམས་ལ་བཅངས་ན་མི་དམངས་ཀྱི་དེ་ཉིད་སེམས་ལ་བཅང་ངེས་ཡིན། “མཇུག་མཐའི་ཟ་འབྲུ་ཕོར་གང་དམག་འབྲུ་བྱས། མཇུག་མཐའི་རས་ཡུག་གཅིག་པོ་དམག་ལྭ་བྱས། མཇུག་མཐའི་ཤིང་བལ་སྟོད་གོས་རྨས་མར་བཀབ། མཇུག་མཐའི་གཅེས་ཕྲུག་གཅིག་པུ་གཡུལ་སར་བརྫངས།” ཞེས་པའི་དམག་འཁྲུག་གི་ལོ་ཟླའི་ནང་དར་ཁྱབ་ཤིན་ཏུ་ཆེ་བའི་དམངས་གཞས་དེ་ནི་དམག་དམངས་མཐུན་སྒྲིལ་དམ་ཟབ་ཡོད་པའི་མཚོན་བྱེད་གསོན་ཉམས་དོད་པོ་དེ་ཡིན།

ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། དམངས་སེམས་གཏད་ས་དང་། དམངས་འདོད་འདོགས་ས། དམངས་ཤུགས་སྒྲིལ་ས་བཅས་ཡོད་ཚེ། མི་དམངས་དམག་དཔུང་གིས་ཕ་རོལ་གྱི་སྡེ་ཀུན་ལས་རྣམ་པར་རྒྱལ་ཐུབ་ལ། གནམ་འོག་ན་ཟླ་མེད་པར་འགྱུར་ཐུབ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་འཛིན་ལ། རྒྱ་ཆེའི་མི་དམངས་ཀྱི་རྒྱབ་སྐྱོར་རྣལ་མ་ཐོབ་ཚེ། སེམས་ཤུགས་རྡོག་རྩ་གཅིག་དྲིལ་བྱེད་པའི་ལྕགས་ཀྱི་བཙན་རྫོང་བསྐྲུན་ཐུབ་ངེས་ཡིན། མདུན་སྐྱོད་ཀྱི་ལམ་བུའི་ཐོག མི་དམངས་དམག་དཔུང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ངེས་པར་དུ་ཡིད་ལ་བརྟན་པོར་འཆང་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་དམག་མི་བྱེད་དགོས།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

མི་དམངས་དམག་དཔུང་གི་ལོ་རྒྱུས་ཀྱི་མཚར་སྡུག་ནི། ཁྲག་དང་ཚེ་སྲོག་གིས་བསྐྲུན་པ་ཞིག་ཡིན་ཏེ། ང་ཚོས་ཇི་སྲིད་བར་དུ་བློ་ལ་བརྟན་པོར་ངེས་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ནི། དཀའ་སྤྱད་ཀྱིས་འཚོལ་ཞིབ་བྱས་ནས་ཐོབ་པ་ཞིག་ཡིན་ཏེ། ང་ཚོས་ཇི་སྲིད་བར་དུ་དར་སྤེལ་གཏོང་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་ཀྱི་བྱུང་འཕེལ་ནི། བློ་དཀར་དང་ཁག་འཁུར་གྱིས་སྐུལ་སྤེལ་བཏང་བ་ཞིག་ཡིན་ཏེ། ཇི་སྲིད་བར་དུ་ང་ཚོ་ལ་མདུན་སྐྱོད་ཀྱི་སྐུལ་འདེབས་བྱས་དང་བྱེད་བཞིན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ནས། ཏང་གི་བཀོད་འདོམས་ལ་ཉན་པ་དང་། དམག་འཁྲུག་གི་རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱ་རྒྱུའི་ཏང་གི་གནས་བབས་གསར་པའི་འོག་དམག་སྟོབས་ཆེ་རུ་སྐྱེད་པའི་དམིགས་ཡུལ་བཏོན་ཡོད་པ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་དམག་དོན་འཐབ་ཇུས་ཀྱི་སློབ་སྟོན་གསར་གཏོད་བྱས་ཡོད་ལ། གནས་བབས་གསར་པའི་འོག་གི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་གཏན་འབེབས་བྱས་ཡོད། ང་ཚོས་ཀུའུ་ཐེན་དུ་དམག་ཡོངས་ཀྱི་ཆབ་སྲིད་ལས་ཀའི་གྲོས་ཚོགས་འཚོགས་ཏེ། ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་འགོག་འཐབ་རྩོད་སྤེལ་བ་ཡིན། ང་ཚོས་རྒྱལ་སྲུང་དང་དམག་དཔུང་གི་བསྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་སྤེལ་དང་། དམག་ཨུ་ཡིས་སྤྱི་ཁྱབ་དོ་དམ་དང་། འཐབ་ཁུལ་གྱིས་དམག་འཐབ་གཙོ་གཉེར། དམག་རིགས་ཀྱིས་དམག་སྦྱོང་གཙོ་གཉེར་བཅས་བྱེད་པའི་རྣམ་པ་གསར་པ་བཏོད་དེ། མི་དམངས་དམག་དཔུང་གི་སྒྲིག་འཛུགས་རྣམ་པ་སྤྱིའི་ཆ་ནས་ལེགས་སྒྲིག་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་སྟོབས་ཤུགས་མ་ལག་བསྐྲུན་པའི་ལོ་རྒྱུས་རང་བཞིན་གྱི་གོམ་པ་སྤོས་ལ། མི་དམངས་དམག་དཔུང་ཉིད་སྒྲིག་འཛུགས་གསར་པ་དང་། གྲུབ་ཚུལ་གསར་པ། རྣམ་པ་གསར་པ། ངོ་བོ་གསར་པ་བཅས་སུ་བཏོད་ཡོད། ང་ཚོས་ཁྲིམས་ལྟར་དམག་སྐྱོང་དང་དམག་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དམག་སྐྱོང་བྱེད་ཐབས་རྩ་བའི་ཐོག་ནས་འཕོ་འགྱུར་འབྱུང་བར་སྐུལ་འདེད་གཏང་དགོས། ང་ཚོས་འཐབ་འཛིང་ནུས་སྟོབས་ཞེས་པའི་རྩ་བའི་ཚད་གཞི་གཅིག་པུ་འདི་ཉིད་རྒྱུན་འཁྱོངས་དང་། དམག་སྦྱོང་དང་དམག་འཁྲུག་གི་གྲ་སྒྲིག་སྐུལ་འདེད་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་མཚོ་ཐོག་ཁེ་དབང་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས། ང་ཚོས་གོང་སྤེལ་གྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དངོས་འཐབ་ལ་སྔར་བས་དམིགས་པ་དང་། གསར་གཏོད་ཀྱི་འདེད་སྐུལ་ལ་སྔར་བས་མཐོང་ཆེན། མ་ལག་འཛུགས་སྐྲུན་ལ་སྔར་བས་མཐོང་ཆེན། ལེགས་བསྡུས་ནུས་མཐོ་ལ་སྔར་བས་མཐོང་ཆེན། དམག་དམངས་མཉམ་འདྲེས་ལ་སྔར་བས་མཐོང་ཆེན་བཅས་བྱས་ཏེ། མི་དམངས་དམག་དཔུང་འཛུགས་སྐྱོང་བྱེད་པའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ནས་མཐོ་རུ་གཏོང་དགོས།

ལོ་5རིང་འབད་བརྩོན་བྱས་མཐར། མི་དམངས་དམག་དཔུང་གིས་ཆབ་སྲིད་ཀྱི་སྐྱེ་ཁམས་བསྐྱར་སྐྲུན་དང་། སྒྲིག་འཛུགས་ཀྱི་རྣམ་པ་བསྐྱར་སྒྲིག སྟོབས་ཤུགས་མ་ལག་བསྐྱར་འཛུགས། སྤྱོད་ཚུལ་དང་སྣང་བརྙན་བསྐྱར་བཞེངས་བཅས་མངོན་འགྱུར་བྱུང་ཡོད་པ་དང་། མི་དམངས་དམག་དཔུང་གིས་གོ་ཆ་བསྐྱར་སྤྲས་ཀྱིས་ཡང་བསྐྱར་ལམ་ལ་ཆས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་གྱི་འགྲོ་ལམ་སྟེང་གོམ་སྟབས་བརྟན་པོ་སྤོས་ཡོད།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་བསྐྱོད་དང་སྐྱོད་བཞིན་ཡོད། དེ་རིང་གི་འཛམ་གླིང་དུ། རྒྱལ་སྤྱིའི་གནས་བབས་ལ་སྔར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་དང་འབྱུང་མུས་སུ་ཡོད། དེ་རིང་གི་ཀྲུང་གོར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཉིད་ཕྱོགས་ཡོངས་ནས་མདུན་དུ་སྐུལ་འདེད་བྱེད་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། ང་ཚོར་ཐོབ་དཀའ་བའི་གོ་སྐབས་འཕྲད་ཡོད་པ་དང་། རྨང་གཞི་བརྟན་པོ་ལྡན་ཡོད་ལ། བླ་མེད་ཀྱི་ཡིད་ཆེས་མངའ་ཡོད། དུས་མཚུངས་སུ། ང་ཚོས་ངེས་པར་དུ་གསལ་པོར་རྟོགས་དགོས་པ་ཞིག་ནི། མདུན་སྐྱོད་ཀྱི་ལམ་བུ་དེ་ཡངས་ཤིང་བདེ་བ་ཞིག་གཏན་ནས་ཡིན་མི་སྲིད་དེ། འགྲན་སློང་ཆེན་པོ་དང་། ཉེན་ཁ་ཆེན་པོ། འགལ་རྐྱེན་ཆེན་པོ། འགལ་བ་ཆེན་པོ་བཅས་ལ་སོགས་འཕྲད་ངེས་ཡིན་པས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་བྱེད་དགོས།

ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་ནས་བལྟས་ན། ང་ཚོར་མྱོང་ཚོར་སྔར་ལས་ཟབ་མོ་སྐྱེ་ཡོང་བ་ཞིག་ནི། ཀྲུང་ཧྭ་མི་རིགས་འདི་ཉིད་སྡུག་བསྔལ་ལས་ཐར་ཐུབ་པ་དང་། ཀྲུང་གོའི་མི་དམངས་ལ་བཅིངས་འགྲོལ་ཐོབ་ཐུབ་པ་དེ་དཔའ་ངར་ཅན་གྱི་མི་དམངས་དམག་དཔུང་ཞིག་ཡོད་པར་རག་ལས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་མངོན་འགྱུར་དང་། ཀྲུང་གོའི་མི་དམངས་ལ་སྔར་ལས་ལེགས་པའི་འཚོ་བ་རོལ་རྒྱུ་ཡོད་པ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་པོར་འཛུགས་སྐྱོང་བྱེད་དགོས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་མུ་མཐུད་ནས་མདུན་སྐྱོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་གྱི་ལམ་བུའི་བསྐྱོད་དེ། དམག་སྟོབས་ཆེ་སྐྱེད་བྱ་གཞག་བསྟུད་མར་མདུན་དུ་སྐུལ་འདེད་གཏོང་དགོས།

—དམག་སྟོབས་ཆེ་སྐྱེད་བྱ་གཞག་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་འགྱུར་བ་སྤུ་ཙམ་མེད་པར་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་དམག་དཔུང་ནམ་ཡང་ཏང་གི་རྗེས་འབྲང་རྒྱུ་ཁག་ཐེག་བྱེད་དགོས། ཏང་གི་འགོ་ཁྲིད་ནི་མི་དམངས་དམག་དཔུང་གིས་ཐོག་མཐའ་བར་གསུམ་དུ་གོང་བུར་འགྲིལ་ཤུགས་དང་། ལྟེ་བར་ཕྱོགས་ཤུགས། གསར་གཏོད་ནུས་ཤུགས། འཐབ་འཛིང་ནུས་ཤུགས་བཅས་རྒྱུན་འཁྱོངས་བྱེད་པའི་རྩ་བའི་ཁག་ཐེག་ཡིན། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་དང་ཁྱད་ཆོས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་དགེ་མཚན་གལ་ཆེན་ཞིག་ཡིན་ལ། མི་དམངས་དམག་དཔུང་གི་དམག་འཛུགས་ཀྱི་རྩ་བ་དང་། དམག་སྟོབས་ཆེ་རུ་སྐྱེད་པའི་བླ་སྲོག་ཀྱང་ཡིན། དུས་རབས་ཇི་ལྟར་གོང་འཕེལ་དུ་ཕྱིན་པ་དང་། གནས་བབས་ཇི་ལྟར་འགྱུར་ལྡོག་བྱུང་རུང་། ང་ཚོའི་དམག་དཔུང་འདི་ཉིད་ནམ་ཡང་ཏང་གི་དམག་དཔུང་དང་མི་དམངས་ཀྱི་དམག་དཔུང་ཡིན། དམག་ཡོངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་དྲག་པོར་བསྐྱེད་ནས། ཏང་ཀྲུང་དབྱང་གི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་བཅས་བྱེད་དགོས། རྩ་དོན་གནད་དོན་གལ་ཆེན་དེའི་ཐད། རིག་པ་ལྷག་པར་དྭངས་གསལ་དང་། རྣམ་འགྱུར་ལྷག་པར་མངོན་གསལ་དོད་པོ། བྱ་སྤྱོད་ལྷག་པར་མཐའ་ཆོད་བཅས་བྱ་དགོས་པ་ལས། གཡོ་འགུལ་གཏན་ནས་བྱེད་མི་ཉན་ལ། ཐེ་ཚོམ་གཏན་ནས་བྱེད་མི་ཉན་ཞིང་། ལྷོད་ཡངས་གཏན་ནས་བྱེད་མི་ཉན།

—དམག་སྟོབས་ཆེ་སྐྱེད་བྱ་གཞག་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཏང་གི་དམག་དོན་མཛུབ་སྟོན་རིགས་གཞུང་རྒྱུན་འཁྱོངས་དང་གོང་སྤེལ་གཏོང་དགོས་ལ། མར་ཁེ་སི་རིང་ལུགས་ཀྱི་དམག་དོན་རིགས་གཞུང་དང་དེང་རབས་ཀྲུང་གོའི་དམག་དོན་ལག་ལེན་གོང་སྤེལ་གཏོང་བའི་གོ་བབ་གསར་པ་མུ་མཐུད་ནས་གཏོད་དགོས། མི་དམངས་དམག་དཔུང་མུ་མཐུད་ནས་གོང་འཕེལ་དང་རྒྱ་སྐྱེད་འབྱུང་ཐུབ་པའི་གནད་འགག་ནི་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་དམག་དོན་རིགས་གཞུང་གི་མཛུབ་སྟོན་རྒྱུན་འཁྱོངས་བྱས་པར་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོའི་ཏང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་པར་དམིགས་ནས་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ལ། ཏང་གི་དུས་སྐབས་གསར་པའི་དམག་སྟོབས་ཆེ་སྐྱེད་བསམ་བློ་ཆགས་པ་རེད། དམག་ཡོངས་ཀྱིས་ཏང་གི་དམག་དོན་མཛུབ་སྟོན་རིགས་གཞུང་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ཏང་གི་དུས་སྐབས་གསར་པའི་དམག་སྟོབས་ཆེ་སྐྱེད་བསམ་བློ་སྤྱད་དེ་དཔོན་དམག་ལ་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་དང་། དམག་སྟོབས་ཆེ་སྐྱེད་བྱ་གཞག་ལ་མུ་མཐུད་ནས་འཕེལ་རྒྱས་གསར་པ་འབྱུང་བར་སྣེ་ཁྲིད་བྱེད་དགོས། ལག་ལེན་གོང་སྤེལ་ལ་རྫོགས་མཐའ་མེད། བདེན་དོན་ངོས་འཛིན་ལ་རྫོགས་མཐའ་མེད། རིགས་གཞུང་གསར་གཏོད་ལ་རྫོགས་མཐའ་མེད། དམག་སྟོབས་ཆེ་སྐྱེད་བྱེད་པ་ནི་གསར་གཏོད་ཀྱི་རང་བཞིན་ཧ་ཅང་ལྡན་པའི་བྱ་གཞག་ཅིག་ཡིན་ཕྱིན། ང་ཚོས་མུ་མཐུད་ནས་དེ་གནས་བབས་གསར་པར་བསྟུན་པ་དང་། འགྲན་སློང་གསར་པར་ཁ་གཏད་འཇལ་བ། གནད་དོན་གསར་པ་ཐག་གཅོད་བཅས་བྱེད་དགོས་པ་དང་། ལག་ལེན་གྱི་ཐོག་སྤོབས་པ་ཆེན་པོས་འཚོལ་ཞིབ་དང་། རིགས་གཞུང་ཐོག་ཐོད་རྒལ་བྱེད་ཕོད་པ་བྱས་ཏེ། ཏང་གི་དུས་སྐབས་གསར་པའི་དམག་སྟོབས་ཆེ་སྐྱེད་བསམ་བློ་མུ་མཐུད་ནས་འཐུས་ཚང་དང་གོང་སྤེལ་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་དམག་དོན་རིགས་གཞུང་གིས་དམག་སྟོབས་ཆེ་སྐྱེད་ཀྱི་རླབས་ཆེའི་ལག་ལེན་ཁྲོད་སྔར་ལས་འོད་སྟོང་འབར་བའི་བདེན་དོན་གྱི་འོད་སྣང་སྤྲོ་བར་བྱེད་དགོས།

—དམག་སྟོབས་ཆེ་སྐྱེད་བྱ་གཞག་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ནམ་ཡང་དམག་འཁྲུག་རྒྱག་པའི་གྲ་སྒྲིག་འཛིན་པར་དམིགས་ཏེ། དགོས་མ་ཉིད་དུ་ཡོང་ཐུབ་པ་དང་། ཡོང་མ་ཉིད་དུ་འཐབ་ནུས་པ། འཐབ་མ་ཉིད་དུ་རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་དམག་དཔུང་ཧྲག་པོ་ཞིག་སྦྱོང་བརྡར་བྱེད་དགོས། ཞི་བདེའི་དུས་སུ་ཉམས་ཉེས་བརྗེད་མི་རུང་ལ། བདེ་འཇགས་དུས་སུ་ཟིང་འཁྲུག་བརྗེད་མི་རུང་། ང་ཚོས་ཞི་བདེ་སྲུང་སྐྱོང་དང་། བདེ་འཇགས་སྲུང་སྐྱོང་། འཇིགས་སྐུལ་དམག་འགོག་བཅས་བྱེད་པའི་ཐབས་ལམ་དང་གདམ་ག་སྣ་ཚོགས་ཡོད་མོད་ཀྱང་། དམག་དོན་ཐབས་ལམ་ནི་ནམ་ཡང་མ་མཐའི་ཐབས་ལམ་ཡིན། མི་དམངས་དམག་དཔུང་ནམ་ཡང་འཐབ་འཛིང་རུ་ཁག་ཡིན་ལ། མི་དམངས་དམག་དཔུང་གི་སྲོག་རྩ་འཐབ་འཛིང་ནུས་ཤུགས་སྟེང་གནས་ཡོད་པས། ངེས་པར་དུ་ཉམས་ཉེན་དྲན་པའི་འདུ་ཤེས་ཆེ་སྐྱེད་དང་། མ་མཐའི་བསམ་གཞིགས་རྒྱུན་འཁྱོངས། སེམས་ཤུགས་ཡོད་ཚད་དམག་འཐབ་ལ་དམིགས་པ། ལས་དོན་ཡོད་ཚད་དམག་འཐབ་ལ་ཕྱོགས་པ་བཅས་བྱས་ཐོག ཏང་དང་མི་དམངས་ལ་མཁོ་བའི་དུས་སུ་ཡོང་ཐུབ་པ་དང་། འཐབ་ནུས་པ། རྒྱལ་ཁ་ལེན་ཐུབ་པ་བཅས་ཁག་ཐེག་བྱེད་དགོས། དམག་ཡོངས་ཀྱིས་གནས་བབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་དང་། དམག་དོན་དང་། དམག་འཁྲུག དམག་འཐབ་བཅས་ལ་ཞིབ་འཇུག་ནན་ཏན། དེང་རབས་དམག་འཁྲུག་གི་ཆོས་ཉིད་དང་དམག་འཁྲུག་གི་སློབ་སྟོན་ཆོས་ཉིད་ཁོང་ཆུད་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་བྱས་ནས་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་གི་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས། དམག་འཁྲུག་ཇི་ལྟར་རྒྱག་ན་དེ་ལྟར་དམག་སྦྱོང་དང་། དམག་འཁྲུག་ལ་ཅི་ཞིག་མཁོ་ན་དེ་ཉིད་སྦྱོང་བརྡར་ནན་མོ། གནད་དོན་གང་ཞིག་ཛ་དྲག་ཆེ་ན་དེ་ཉིད་ཐག་གཅོད་བཅས་བྱས་ཏེ། དམག་དོན་སྦྱོང་བརྡར་གྱི་དམག་འཁྲུག་དངོས་འབྲེལ་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཀྲུང་གོའི་མི་དམངས་ཀྱིས་ཞི་བདེ་གཅེས་པར་འཛིན་པས། ང་ཚོས་བཙན་འཛུལ་གཏན་ནས་མི་བྱེད་མོད།  འོན་ཀྱང་ང་ཚོར་བཙན་འཛུལ་ཡོད་ཚད་ལས་རྒྱལ་ཐུབ་པའི་གདེང་ཚོད་ཡོད། ང་ཚོས་མི་སུ་ཞིག་དང་། རྩ་འཛུགས་གང་ཞིག སྲིད་ཏང་གང་ཞིག་བཅས་ཀྱིས་དུས་གང་རུང་ཞིག་ཏུ་རྣམ་པ་གང་རུང་ཐོག་ནས་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་གང་རུང་ཞིག་ཀྲུང་གོ་དང་ཁ་བྲལ་གཏན་ནས་བྱེད་དུ་མི་འཇུག་ལ། སུ་ཞིག་གིས་ཀྱང་ང་ཚོས་རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་གནོད་འཚེ་བཏང་བའི་ངན་འབྲས་ཁྱུར་མིད་གཏོང་བར་རེ་ལྟོས་མ་བྱེད། མི་དམངས་དམག་དཔུང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་གཅིག་ཏུ་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱེད་དགོས།

—དམག་སྟོབས་ཆེ་སྐྱེད་བྱ་གཞག་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཆབ་སྲིད་ཀྱི་སྟེང་ནས་དམག་དཔུང་འཛུགས་སྐྱོང་དང་། བསྒྱུར་བཅོས་ཀྱིས་དམག་སྟོབས་ཆེ་སྐྱེད། ཚན་རྩལ་བསྟེན་ནས་དམག་དཔུང་དར་རྒྱས། ཁྲིམས་ལྟར་དམག་སྐྱོང་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཀུའུ་ཐེན་དམག་ཡོངས་ཀྱི་ཆབ་སྲིད་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཆབ་སྲིད་ལས་ཀའི་སྲོག་རྩའི་ནུས་པ་འདོན་སྤེལ། བླ་སྲོག་ཡོད་པ་དང་། འཇོན་ཐང་ཆེ་བ། དཔའ་ངར་ལྡན་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་མི་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྦྱོང་། ལྕགས་ལྟ་བུའི་དད་མོས་དང་། ལྕགས་ལྟ་བུའི་འདུན་པ། ལྕགས་ལྟ་བུའི་སྒྲིག་ཁྲིམས། ལྕགས་ལྟ་བུའི་ཁུར་བཟོད་བཅས་དང་ལྡན་པའི་དམག་དཔུང་ཧྲག་པོ་ཞིག་ཏུ་སྦྱོང་བརྡར་བཅས་བྱས་ཏེ། མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་བཞིན་བཅས་ནམ་ཡང་མི་ཉམས་ཡུན་གནས་བྱེད་དགོས། དམག་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་སྲུང་དང་དམག་དཔུང་གི་བསྒྱུར་བཅོས་ཟབ་སྤེལ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་རང་བཞིན་གྱི་འགལ་རྐྱེན་དང་། གྲུབ་ཚུལ་རང་བཞིན་གྱི་འགལ་བ། སྲིད་ཇུས་རང་བཞིན་གྱི་གནད་དོན་བཅས་ཐག་གཅོད་ལེགས་པོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་ལམ་ལུགས་འཐུས་ཚང་དང་གོང་སྤེལ་བཅས་བྱས་པའི་ཐོག་ནས། ཆ་འཕྲིན་ཅན་གྱི་དམག་འཁྲུག་གི་རྒྱལ་ཁ་ལེན་ཐུབ་ཅིང་། འགན་འཁྲི་དང་ལས་འགན་སྒྲུབ་ཐུབ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས། ཚན་རྩལ་བསྟེན་ནས་དམག་དཔུང་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། རང་བྱེད་གསར་གཏོད་ཀྱི་འཐབ་ཇུས་ཀྱི་གཞི་གནས་རྒྱུན་འཁྱོངས། འཛམ་གླིང་དམག་དོན་ཚན་རྩལ་གྱི་མདུན་སར་གཟས་པ། སྔོན་དྲན་གྱི་ཇུས་འགོད་ལ་ཤུགས་སྣོན། འཐབ་ཇུས་རང་བཞིན་དང་། མདུན་སའི་རང་བཞིན། རྩ་སྒྱུར་རང་བཞིན་བཅས་ཀྱི་ལག་རྩལ་མགྱོགས་པོར་གོང་སྤེལ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱིས་མི་དམངས་དམག་དཔུང་འཛུགས་སྐྱོང་དང་འཐབ་འཛིང་ནུས་སྟོབས་གོང་སྤེལ་གཏོང་བའི་ཁྲོད་ལེགས་སྐྱེལ་འབུལ་ཚད་མུ་མཐུད་ནས་མཐོ་རུ་གཏོང་དགོས། དམག་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་གྱི་ཁྲིམས་སྐྱོང་མ་ལག་མགྱོགས་པོར་འཛུགས་སྐྲུན་དང་། དམག་སྐྱོང་བྱེད་སྟངས་ལ་རྩ་བའི་རང་བཞིན་གྱི་འཕོ་འགྱུར་བྱུང་བ་མགྱོགས་སུ་མངོན་འགྱུར་བྱེད་དགོས།

—དམག་སྟོབས་ཆེ་སྐྱེད་བྱ་གཞག་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་དམག་དམངས་མཉམ་འདྲེས་གོང་སྤེལ་སྐུལ་འདེད་གཏིང་ཟབ་བྱེད་དགོས་ལ། དམག་དམངས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྲུན་བྱེད་དགོས། དམག་དམངས་མཉམ་འདྲེས་གོང་སྤེལ་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་ཤིག་ཏུ་གྱུར་པ་ནི། ང་ཚོའི་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་མཐུན་སྦྱོར་གོང་འཕེལ་ཡོང་བའི་ཆོས་ཉིད་འཚོལ་ཞིབ་ཡུན་རིང་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གོང་འཕེལ་དང་བདེ་འཇགས་ཡོང་བའི་སྤྱི་ཁོག་ནས་བྱས་པའི་ཇུས་ཐག་གལ་ཆེན་ཞིག་ཡིན་ལ། རྙོག་འཛིང་ཆེ་བའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་ཁ་གཏད་འཇལ་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགེ་མཚན་ཐོབ་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། དགོས་མཁོ་ལེགས་སྒྲིག་ལ་ཤུགས་སྣོན། འཕར་གྲངས་དང་བསགས་གྲངས་སྡེབ་འཛིན། སྒྲིག་སྲོལ་དང་ལམ་སྲོལ་གྱི་བསྒྱུར་བཅོས་དང་། མ་ལག་དང་གཙོ་རྒྱུ་མཉམ་འདྲེས། ལམ་ལུགས་དང་ཚད་གཞི་འཛུགས་སྐྲུན་བཅས་དུས་མཉམ་དུ་སྐུལ་འདེད་བཅས་བྱས་ཏེ། གཙོ་རྒྱུ་ཆ་ཚང་བ་དང་། ཁྱབ་ཁོངས་མང་བ། ཕན་འབྲས་ཆེ་བའི་དམག་དམངས་མཉམ་འདྲེས་ཟབ་སྤེལ་གྱི་རྣམ་པ་མགྱོགས་སུ་ཆགས་པར་བྱེད་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་མཐུན་སྦྱོར་གོང་འཕེལ་དང་། དོ་མཉམ་གོང་འཕེལ། འདྲེས་གནས་གོང་འཕེལ་བཅས་ཀྱི་རྣམ་པ་གསར་པ་མགྱོགས་པོར་གཏོད་དགོས། ང་ཚོའི་རྒྱལ་སྲུང་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་ཡིན་ལ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཐུན་མོང་གི་བྱ་གཞག་ཡིན། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ས་གནས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲུང་འདུ་ཤེས་ཆེ་རུ་སྐྱེད་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དང་བསྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ཏེ། དམག་སྟོབས་ཆེ་སྐྱེད་ཐད་ཆ་རྐྱེན་ལེགས་པོ་གསར་སྐྲུན་དང་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།

—དམག་སྟོབས་ཆེ་སྐྱེད་བྱ་གཞག་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་དགོས་ལ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་ཡིད་ཆེས་བྱེད་པ་དང་། མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་པ། མི་དམངས་ཀྱིས་དགའ་ཞེན་བྱེད་པ་བཅས་ཀྱི་དམག་མི་ཞིག་བྱེད་དགོས། དམག་དཔུང་གིས་དམག་འཁྲུག་གི་རྒྱལ་ཁ་ལེན་ཐུབ་པའི་རྒྱབ་རྟེན་མི་དམངས་ཡིན། མི་དམངས་དམག་དཔུང་གི་སྲོག་རྩ་མི་དམངས་ཀྱི་ཞིང་སར་ཚུགས་ཡོད། མི་དམངས་དམག་འཁྲུག་གི་སྟོབས་ཤུགས་ཆེན་པོ་མི་དམངས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་ལས་བྱུང་བ་ཡིན། དམག་ཡོངས་ཀྱིས་མི་དམངས་སེམས་ལ་བཅང་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ཆེད་དུ་མེ་མདའ་ཐོགས་པ་དང་། མི་དམངས་ཀྱི་ཆེད་དུ་དམག་འཁྲུག་རྒྱག་པའི་གཟི་བརྗིད་ཅན་གྱི་ལས་འགན་བློ་ལ་བརྟན་པོར་ངེས་པ། མི་དམངས་ཀྱི་ཞི་བའི་ངལ་རྩོལ་དང་འཚོ་བ་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱེད་དགོས། མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་དང་། མི་དམངས་མང་ཚོགས་དང་ཆུ་འོ་གཅིག་འདྲེས་དང་འཆི་མཉམ་གསོན་མཉམ་བྱེད་པའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། དུས་ནམ་ཡང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་དགོས། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཟབ་ཞུགས་དང་དེར་རོགས་སྐྱོར་བྱེད་པ་དང་། དཀའ་ཉེན་དང་ཛ་དྲག་ཆེ་བའི་ལས་འགན་དང་དུ་ལེན་ཕོད་པ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། དམག་སྲིད་མཐུན་སྒྲིལ་དང་དམག་དམངས་མཐུན་སྒྲིལ་ནི་ང་ཚོའི་ཏང་དང་དམག་དཔུང་ལ་དམིགས་བསལ་དུ་ལྡན་པའི་ཆབ་སྲིད་ཀྱི་དགེ་མཚན་ཞིག་ཡིན། ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དམག་གིས་དམངས་ལ་དགའ་ཞེན་བྱེད་པ་དང་། དམངས་ཀྱིས་དམག་ལ་རྒྱབ་སྐྱོར་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བྱས་ནས། མི་འགྱུར་རྡོ་རྗེ་བྲག་ལྟ་བུའི་དམག་སྲིད་བར་དང་དམག་དམངས་བར་གྱི་འབྲེལ་བ་མུ་མཐུད་ནས་གོང་སྤེལ་གཏོང་དགོས།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ཀྲུང་གོ་ཉིད་ནམ་ཡང་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་བྱེད་མཁན་ཞིག་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་ལེགས་སྐྱེས་འབུལ་མཁན་ཞིག རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་བྱེད་མཁན་ཞིག་བཅས་ཡིན་ལ། ཀྲུང་གོའི་དམག་དཔུང་ནི་ནམ་ཡང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཀྱི་སྟོབས་ཤུགས་ཤིག་ཡིན། ཀྲུང་གོའི་དམག་དཔུང་གིས་སྔར་བཞིན་རྒྱལ་སྤྱིའི་དམག་དོན་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་བདེ་འཇགས་ཀྱི་འགྲན་སློང་ལ་ཐུན་མོང་དུ་ཁ་གཏད་འཇལ་རྒྱུ་དང་། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་དང་འཚམ་པའི་འགན་འཁྲི་དང་འོས་འགན་ཧུར་ཐག་གིས་བསྒྲུབ་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་ཧུར་ཐག་གིས་སྟོབས་ཤུགས་འབུལ་དགོས།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ལོ་ངོ་90རིང་དཀའ་སྤྱད་འཚོལ་ཞིབ་བྱས་ལ། ལོ་ངོ་90རིང་འབད་བརྩོན་ལྷོད་མེད་བྱས། ང་ཚོའི་བྱ་གཞག་ནི་རླབས་ཆེ་བ་ཡིན་པ་དང་། ང་ཚོའི་ལས་འགན་ནི་དཀའ་ཚེགས་ཆེ་བ་ཞིག་ཡིན་ཞིང་། ང་ཚོའི་གོང་འཕེལ་གྱི་མདུན་ལམ་ནི་འོད་སྟོང་ལྡན་པ་ཞིག་ཡིན། ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཚང་མས་ངེས་པར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་ལག་ལེན་ཁྲོད། རྒྱལ་སྟོབས་ཆེ་སྐྱེད་དང་དམག་སྟོབས་ཆེ་སྐྱེད་གཉིས་ཀྱི་སྔར་བས་གཟི་བརྗིད་ལྡན་པའི་བསྟན་བཅོས་མུ་མཐུད་ནས་རྩོམ་དགོས་ལ། ལོ་རྒྱུས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་འོད་སྟོང་འབར་བ་ཞིག་མུ་མཐུད་ནས་བསྐྲུན་དགོས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐