彩票论坛推荐
今天是:

གཞུང་ལུགས་ཞིབ་འཇུག

གཞུང་ལུགས་བརྩམས་ཆོས།

མདུན་ཤོག > གཞུང་ལུགས་ཞིབ་འཇུག > གཞུང་ལུགས་བརྩམས་ཆོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོ་རུ་བསྒྲེངས་
ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཀྲུང་གོའི་ཕུགས་འདུན་མངོན་
འགྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་7ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་”ཞེས་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་26ནས་27བར་པེ་ཅིན་དུ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ་ནན་བཤད་བྱས་དོན།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་བསྒྱུར་བཅོས་སྒོ་འབྱེད་ཚུན་དུ་ཏང་གི་གཞུང་ལུགས་དང་ལག་ལེན་ཡོད་དོ་ཅོག་གི་བརྗོད་སྙིང་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོ་རུ་བསྒྲེང་དགོས་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་གཞུང་ལུགས་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་ཀྱི་གཞི་བརྟན་པོ་བཙུགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་རྒྱལ་ཁའི་ངང་བསྐྱོད་པར་ཁག་ཐེག་བྱེད་དགོས། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཤེས་དགོས་ལ། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྙེག་ཀྱང་ཤེས་དགོས། བསམ་ཕྱོགས་གསར་པ་དང་འཐབ་ཇུས་གསར་པ་དང་བྱེད་ཐབས་གསར་པ་བཅས་བཏོན་ནས། མུ་མཐུད་དུ་“གནས་ལྔ་གཞི་གཅིག་”ལ་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི་”ཐབས་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལ་འབད་བརྩོན་བྱས་ནས།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲེང་། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། མི་འགྱངས་བར་སྐོང་འཚོགས་བྱེད་གྲབས་ཡོད་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དུས་རིམ་གལ་ཆེན་ཞིག་གི་སྐབས་སུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་གནས་འགག་གི་སྐབས་སུ་ཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་སྟབས། སྤྱི་ཡོངས་ཀྱི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན།  སྔོན་མཐོང་གི་རང་བཞིན་བཅས་ཀྱི་འཆར་གཞི་འདོན་ཐུབ་མིན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཐུག་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་རིང་མོ་ལའང་ཐུག་ཡོད། དེ་མ་ཟད་རྒྱ་ཆེའི་མི་དམངས་ཀྱི་ཆེས་རྩ་བའི་ཁེ་ཕན་ལའང་ཐུག་ཡོད། ང་ཚོའི་ཏང་གིས་དར་ཆ་གང་འདྲ་ཞིག་བསྒྲེང་རྒྱུ་དང་། ལམ་གང་ཞིག་ལ་ཞུགས་རྒྱུ། རྣམ་པ་གང་འདྲ་ཞིག་གི་ཚུལ་དུ། ལོ་རྒྱུས་ཀྱི་འགན་འཁྲི་གང་འདྲ་ཞིག་ཕྲག་ཏུ་བཞེས་རྒྱུ། དམིགས་འབེན་གང་འདྲ་ཞིག་མངོན་འགྱུར་བྱེད་རྒྱུའི་ཐད་ལ་གསལ་བསྒྲགས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོ་ལ་འཆར་འགོད་དང་སྐུལ་འདེད་བྱེད་དགོས་ན། ངེས་པར་དུ་མིག་སྔར་སྤྱི་ཚོགས་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཏང་གི་གནས་ཚུལ་བཅས་ལ་གཏིང་ཟབ་མོའི་དབྱེ་ཞིབ་དང་ཡང་དག་པའི་བརྡར་ཤ་གཅོད་དགོས། ང་ཚོས་གནས་བབས་ལ་དབྱེ་ཞིབ་བྱེད་རྒྱུར་དོ་སྣང་བྱེད་དགོས། གནས་བབས་ལ་བརྡར་ཤ་ཡང་དག་གཅོད་པ་ནི། བྱེད་ཐབས་གཏན་འབེབས་དང་འཆར་གཞི་འགོད་པར་སྒྲུབ་བྱ་མཁོ་འདོན་བྱེད་པའི་ཆེད་དུ་ཡིན་ལ། ཏང་ཡོངས་ཀྱི་བློ་མཐུན་རྣམས་དང་ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་སེམས་ཁྲལ་གྱི་འདུ་ཤེས་དྲག་ཏུ་བསྐྱེད་དེ་བདེ་སྡོད་ཉེན་བསམ་དང་ཉེན་ཤེས་བདེ་འཚོལ་ལེགས་པོ་ཡོང་བའི་ཆེད་དུའང་ཡིན། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབས་ལ་དབྱེ་ཞིབ་བྱེད་པར་གྲུབ་འབྲས་དང་གོ་སྐབས་མཐོང་དགོས་པ་མ་ཟད། ཉེས་སྐྱོན་དང་མི་འདང་ས། དཀའ་ཁག་དང་འགྲན་རྩོད་སོགས་ཀྱང་ཤེས་དགོས་ལ། གནས་བབས་འཕེལ་རྒྱས་འགྱུར་ལྡོག་གིས་ང་ཚོ་ལ་སྟེར་བའི་ཉེན་ཁ་ཡང་རྟོགས་དགོས། ངན་ཕྱོགས་ནས་བསམ་སྟེ་གྲ་སྒྲིག་ལེགས་པོ་བྱེད་པ་དང་། བཟང་ཕྱོགས་ལ་འབད་པ་ལྷོད་མེད་བྱས་ནས་གྲུབ་འབྲས་ལེགས་པོ་ཐོབ་པར་བརྩོན་ལེན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་ངོ་ལྔ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་ཧ་ཅང་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན། ལོ་ལྔའི་རིང་ལ། ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་དེང་གི་འཛམ་གླིང་དང་ཀྲུང་གོའི་འཕེལ་ཕྱོགས་ལ་ངོས་ཟིན་ཡང་དག་དང་། ལག་ལེན་གྱི་བླང་བྱ་དང་མི་དམངས་ཀྱི་རེ་འདུན་ལ་བསྟུན་ཏེ། འཐབ་ཇུས་དང་འཆར་གཞི་རབ་དང་རིམ་པ་བཏོན་ལ། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཡང་བཏོན་ཡོད། ད་དུང་ལས་དོན་གལ་ཆེན་རབ་དང་རིམ་པ་ཞིག་ལའང་སྐུལ་འདེད་བགྱིས་ཏེ། ཡུན་རིང་པོར་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ནུས་པའི་གནད་དོན་མང་པོ་ཞིག་བདེ་བླག་ངང་ཐག་གཅོད་བྱེད་ཐུབ་པར་གྱུར་ཅིང་། སྔོན་ཆད་སྒྲུབ་འདོད་ཀྱང་སྒྲུབ་མ་ནུས་པའི་དོན་ཆེན་མང་པོ་ཞིག་ཀྱང་བདེ་བླག་ངང་སྒྲུབ་ཐུབ་པ་བྱུང་ཡོད། ང་ཚོས་ཕྱོགས་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས། འགོ་ཁྲིད་ནུས་ཤུགས། འབོད་སྐུལ་ནུས་ཤུགས་བཅས་མཐོ་རུ་འདེགས་ཡོད།  ང་ཚོས་བློ་རྩ་བརྟན་པོའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་།  ནུས་ཤུགས་ཆེན་པོས་རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བས་སྤུས་ཚད་ལེགས་པ་དང་ལས་ཕྱོད་མཐོ་བ། རྒྱུན་འཁྱོངས་ཐུབ་པ་བཅས་ཀྱི་ཁ་ཕྱོགས་སུ་སྐུལ་འདེད་བཏང་ཡོད། ང་ཚོས་བློ་རྩ་བརྟན་པོའི་སྒོ་ནས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་དང་། བསྒྱུར་བཅོས་དེ་ཕྱོགས་ཡོངས་ནས་ཤུགས་ཐོན་པ་དང་ཐོད་བརྒལ་བྱུང་བ། འཕྲེད་གཞུང་ཀུན་ནས་རྣམ་པ་གསར་པ་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད།  ང་ཚོས་བློ་རྩ་བརྟན་པོའི་སྒོ་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་སྟེ། ང་ཚོའི་ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ནུས་པ་མངོན་གསལ་དུ་ཇེ་ལེགས་སུ་ཕྱིན་ཡོད། ང་ཚོས་ཏང་གི་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀར་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐོག་གི་མཐུན་སྒྲིལ་གཅིག་གྱུར་གྱི་ལས་ཀ་ཇེ་བརྟན་དུ་བཏང་ཡོད། ང་ཚོས་བློ་རྩ་བརྟན་པོའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་འཛུགས་སྐྲུན་ཐད་ལ་སྐུལ་འདེད་བྱེད་པའི་གོམ་པ་གལ་ཆེན་ཞིག་མདུན་དུ་སྤོས་ཡོད། ང་ཚོས་བློ་རྩ་བརྟན་པོའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ཐད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་སྐུལ་འདེད་བཏང་ཡོད། ང་ཚོས་བློ་རྩ་བརྟན་པོའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཕྱི་འབྲེལ་ལ་སྐུལ་འདེད་བཏང་སྟེ་རང་རྒྱལ་གྱི་འཕེལ་རྒྱས་ལ་ཞི་བདེའི་རྒྱལ་སྤྱི་ཁོར་ཡུག་དང་བདེ་འཇགས་ཀྱི་ཉེ་འཁོར་ཁོར་ཡུག་བསྐྲུན་ཡོད། ང་ཚོས་བློ་རྩ་བརྟན་པོའི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་སྐུལ་འདེད་དང་། མི་དམངས་མང་ཚོགས་ཀྱིས་བསམ་འཆར་འདོན་ས་དང་ཏང་གི་སྲིད་སྐྱོང་ཐད་ཀྱི་ཉེན་ཁ་ཆེ་ཤོས་ཀྱི་གནད་དོན་ཛ་དྲག་དག་ནུས་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པ་མཐའ་འཁྱོངས་པའི་རྣམ་པ་ཆགས་ཤིང་། ཏང་ནང་ཁུལ་ཀྱི་ཆབ་སྲིད་ཀྱི་རྣམ་པ་གསར་པར་བསྒྱུར་བ། ཏང་ཡོངས་ཀྱི་འདུ་ཤེས་སྔར་བས་ཇེ་བརྟན་དང་ཏང་གཤིས་སྔར་བས་ཇེ་དྲག་ཏུ་གཏོང་བ།  ཏང་གིས་རང་ཉིད་གཙང་བཟོ་དང་རང་ཉིད་འཐུས་ཚང་གཏོང་བ། རང་ཉིད་བསྒྱུར་བཅོས་བྱེད་པ། རང་ཉིད་མཐོར་འདེགས་གཏོང་བ་བཅས་ཀྱི་ནུས་པ་མངོན་གསལ་དུ་ཇེ་མཐོར་ཕྱིན་ཡོད། ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་རྨང་གཞི་སྔར་བས་ཇེ་བརྟན་དུ་ཕྱིན་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་རིགས་སོ་སོའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་རྒྱབ་རྟེན་བརྟན་པོ་ཞིག་མཁོ་སྤྲོད་བྱས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། གནད་གཙོ་བོ་བཟུང་ནས་གདོང་ངོས་ཀྱི་ལས་ཀར་སྣེ་ཁྲིད་བྱེད་པ་ནི་དངོས་གཙོའི་རྩོད་སྒྲུབ་རིག་པའི་བླང་བྱ་ཞིག་ཡིན་པ་མ་ཟད། ང་ཚོའི་ཏང་གིས་གསར་བརྗེ་དང་འཛུགས་སྐྲུན་དང་བསྒྱུར་བཅོས་ཀྱི་ལམ་ཁ་ནས་དར་སྤེལ་དང་རྒྱུན་འཁྱོངས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་40ཡི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད། རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་མངོན་གསལ་དུ་མཐོ་རུ་འཕགས་ཡོད། མི་དམངས་ཀྱི་འཚོ་བ་ཇེ་བཟང་ཇེ་སྐྱིད་ལ་སོང་ཡོད་པ་དང་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྨོན་སྔར་བས་ཇེ་ཆེར་ཕྱིན་ཡོད། མི་དམངས་མང་ཚོགས་ཀྱི་དགོས་མཁོ་ནི་སྣ་མང་ཅན་དང་རིམ་མང་ཅན་དང་ཕྱོགས་མང་ཅན་དུ་འགྱུར་བའི་ཁྱད་ཆོས་འབུར་དུ་ཐོན་པ་སྟེ། སློབ་གསོ་ལེགས་པོ་དང་ལས་ཀ་བརྟན་པོ། ཡོང་སྒོ་མཐོན་པོ་དང་སྤྱི་ཚོགས་འགན་སྲུང་བརྟན་པོ། སྤུས་ཚད་མཐོ་བའི་སྨན་བཅོས་དང་དྲོ་ཞིང་སྐྱིད་པའི་སྡོད་ཁང་། ཡིད་དུ་འོང་བའི་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་རིག་གནས་བཅས་ཡོད་པ་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། རང་རྒྱལ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་ཅན་གྱི་ཁྱད་ཆོས་ལ་ངོས་ཟིན་དང་རྒྱུས་ལོན་བྱེད་དགོས་ན། རྩོད་སྒྲུབ་ཀྱི་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་ཀྱི་དངོས་གཙོའི་རིང་ལུགས་ཀྱི་ཐབས་ལམ་དེ་རྒྱུན་འཁྱོངས་བྱེད་དགོས་ལ། ལོ་རྒྱུས་དང་དངོས་ཡོད། གཞུང་ལུགས་དང་ལག་ལེན། རྒྱལ་ནང་དང་རྒྱལ་སྤྱི་སོགས་ཀྱི་ཟུང་འབྲེལ་ཐོག་བསམ་བློ་གཏོང་དགོས་ལ། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ནས་བསམ་བློ་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་བསམ་བློ་བཏང་སྟེ་ཡང་དག་པའི་སྡོམ་ཚིག་ལོན་དགོས། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གནས་ཚུལ་འདི་ཤེས་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་དོན་དངོས་འདིའི་ཐོག་རྐང་ཚུགས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་འགྱུར་བཞིན་པའི་ཁྱད་ཆོས་འདིར་རྒྱུས་ལོན་ཡང་དག་བྱས་ཏེ། ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་སྦྲགས། སྔར་བས་ལེགས་པའི་སྒོ་ནས་རང་རྒྱལ་གྱི་སྤྱི་ཚོགས་སུ་བྱུང་བའི་གནད་དོན་ཆེ་ཕྲ་ཆུང་གསུམ་ཐག་གཅོད་ལེགས་པོ་བྱེད་པ་དང་། ལས་དོན་སྣ་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་མངོན་འགྱུར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཕེལ་རྒྱས་གཏོང་བ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་ཚུན་དུ་རང་རྒྱལ་གྱི་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པའི་རྨང་གཞིའི་ཐོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འགྱུར་ལྡོག་བྱུང་ལ། རང་རྒྱལ་ནི་ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་པ་ཞིག་ཏུ་འགྲེང་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དེས་ཡང་སྙིང་ཅི་ཞིག་མཚོན་ཞེ་ན། དེང་རབས་ནས་བཟུང་དཀའ་སྡུག་གང་མང་མྱངས་པའི་ཀྲུང་ཧྭ་མི་རིགས་ཀྱི་ཡར་ལངས་པ་དང་ཕྱུག་པོར་འགྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་མངོན་འགྱུར་བྱུང་བ་མཚོན་ཡོད་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱིས་ཀྲུང་གོ་རུ་གསོན་ཤུགས་གསར་པ་བཏོན་པ་དང་མུ་མཐུད་ནས་འཕེལ་རྒྱས་ཀྱི་ཞིང་ཁམས་གསར་པ་ཕྱེ་བ་མཚོན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་དེང་རབས་ཅན་གྱི་ལམ་དུ་འགྲོ་བར་བྱས་ཏེ།  མིའི་རིགས་ཀྱི་གནད་དོན་ཐག་གཅོད་གཏོང་བར་ཀྲུང་གོའི་བློ་གྲོས་ཕུལ་བ་དང་ཀྲུང་གོའི་འཆར་གཞི་མཁོ་སྤྲོད་བྱས་ཡོད། ཏང་ཡོངས་ཀྱིས་འཐབ་ཇུས་བསམ་གཞིག་གི་ནུས་པ་ཇེ་མཐོར་གཏོང་དགོས་ལ། ལས་ཀའི་རྩ་དོན་རང་བཞིན་དང་མ་ལག་རང་བཞིན། སྔོན་མཐོང་རང་བཞིན། གསར་གཏོད་རང་བཞིན་བཅས་ཇེ་མཐོར་གཏོང་དགོས། བླང་བྱ་གསར་པར་གཞིགས་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་གསར་པ་བཟོ་བ་དང་། འཐབ་ཇུས་དང་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། རྣམ་འགྱུར་གསར་པ་དང་འབད་འཐབ་གསར་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་མུ་མཐུད་ནས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། ང་ཚོའི་ཏང་ནི་གཞུང་ལུགས་འཛུགས་སྐྲུན་དང་གཞུང་ལུགས་མཛུབ་སྟོན་ལ་ཆེས་མཐོང་ཆེན་བྱེད་པའི་ཏང་ཞིག་ཡིན་ལ། གཞུང་ལུགས་ནི་ངེས་པར་དུ་ལག་ལེན་དང་ཟུང་འབྲེལ་བྱེད་དགོས་པ་ནན་བཤད་བྱས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་ན། ངེས་པར་དུ་གཞུང་ལུགས་ཀྱི་བྱེད་ནུས་ལ་རྩིས་མཐོང་བགྱི་དགོས། གཞུང་ལུགས་ཀྱི་ཡིད་ཆེས་དང་ཐབས་ཇུས་ལའང་རྩིས་མཐོང་བགྱི་དགོས། དུས་རབས་གསར་པའི་ཆ་རྐྱེན་འོག་ཏུ། ང་ཚོས་རླབས་ཆེ་བའི་འཐད་རྩོད་སྤེལ་བ་དང་། རླབས་ཆེ་བའི་ལས་གྲྭ་འཛུགས་སྐྲུན་བྱེད་པ། རླབས་ཆེ་བའི་བྱ་གཞག་སྒྲུབ་པ། རླབས་ཆེ་བའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་དགོས་ན། སྔར་བཞིན་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དང་དུས་བསྟུན་ཡར་ཐོན་གྱི་གཞུང་ལུགས་ཀུན་སྤྱོད་དེ་རྒྱུན་འཁྱོངས་དང་དར་སྤེལ་བཏང་ནས། ལག་ལེན་གྱི་རྨང་གཞིའི་ཐོག་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། དུས་རབས་ནི་བསམ་བློའི་མ་ཡུམ་ལྟ་བུ་ཡིན། ལག་ལེན་ནི་གཞུང་ལུགས་ཀྱི་མགོ་ཁུངས་ལྟ་བུ་ཡིན། ང་ཚོས་མགྱོགས་སུ་འགྱུར་ལྡོག་འགྲོ་བའི་དུས་སྐབས་ནང་རང་འགུལ་གྱིས་གོ་གནས་ཐོབ་པར་བརྩོན་དགོས། རླབས་ཆེ་བའི་འཐབ་རྩོད་གསར་པའི་ནང་རྒྱལ་ཁ་ཐོབ་དགོས་ན། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་གཞུང་ལུགས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། མཐོང་ལམ་ཡངས་ཤིང་མིག་རྒྱང་རིང་བའི་སྒོ་ནས་རྒྱལ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་ཐད་བྱུང་དང་འབྱུང་བཞིན་པའི་གནད་དོན་དང་དཀའ་ཁག་རབ་དང་རིམ་པ་ཞིག་ལ་བསམ་གཞིག་དང་རྒྱུས་ལོན་བྱེད་དགོས་པ་དང་། གཞུང་ལུགས་ལ་བརྟེན་ནས་མཐོང་ལམ་གསར་པ་རྒྱ་སྐྱེད་དང་ཕྱོགས་སྡོམ་གསར་པ་བྱེད་ཐུབ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོ་དེ་མངོན་འགྱུར་བྱེད་པ་ནི་ང་ཚོའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་འགྱུར་མེད་ཀྱི་དམ་བཅའ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དྲུག་པ་དང་བཅུ་བདུན་པ།  བཅོ་བརྒྱད་པ་བཅས་ཀྱིས་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བླང་བྱ་ཁག་ལ་གཞིགས་ནས།  གལ་འགངས་ཆེ་བ་གནད་དུ་བཟུང་སྟེ་པང་ཐུང་ཁ་གསབ་དང་ཉམས་པ་སླར་གསོ།   ལྷག་པར་དུ་ཉེན་ཁ་ཆེན་པོ་སེལ་བ་དང་དབུལ་ཕོངས་ཕྱུག་བསྒྱུར།  འབག་བཙོག་སྔོན་འགོག་བཅས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས།  བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་དང་།  དཔལ་འབྱོར་སྤྱི་ཚོགས་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་བཏང་ནས།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་ལ་མི་དམངས་ཀྱིས་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱིས་ཉམས་སད་ཐེག་ཐུབ་ཡོད། 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྗེས།   ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བའི་ཆེད་དུ།  ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་སོ་སོའི་མི་དམངས་ལ་སྐུལ་འདེད་བཏང་ནས་འབད་བརྩོན་བྱེད་དགོས་པ་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་ལམ་རིམ་གསར་པའི་སྟེང་བསྐྱོད་ནས།  ཀྲུང་ཧྭ་མི་རིགས་འདི་ཉིད་སྔར་ལས་གཟི་བརྗིད་ལྡན་པའི་ཉམས་འགྱུར་གྱིས་འཛམ་གླིང་མི་རིགས་ཀུན་གྱི་ཁྲོད་ནས་བརྟན་པོར་འགྱིང་དགོས།

ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་འཐབ་རྩོད་ལ་འབད་པ་དང་རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད།  རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་བྱེད་དགོས་ན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།  བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འཛུགས་སྐྲུན་ཁྲོད་ཀྱི་རླབས་ཆེའི་བྱ་གཞག་གསར་པར་སྐུལ་འདེད་བཏང་སྟེ་ཏང་གི་འཛུགས་སྐྲུན་སྔར་ལས་ཀྱང་སྟོབས་དང་ལྡན་པར་བྱེད་དགོས། ཏང་འཛུགས་སྐྲུན་ལེགས་པོ་བྱས་ཚེ། ང་ཚོའི་ཏང་འདི་ཉིད་ཡུན་ནས་ཡུན་དུ་སྲོག་གི་ཟུངས་མི་ཟད་ལ་འཐབ་པའི་སྟོབས་ཉམས་མི་འགྱུར།  ང་ཚོའི་ཏང་གིས་ད་གཟོད་རྒྱལ་ཁའི་ངང་མི་དམངས་ལ་སྣེ་ཁྲིད་དེ་དཀའ་གནད་སེལ་ནུས་པ་དང་ཉེན་ཁ་ལས་རྒྱལ་ཐུབ་པ།  གེགས་བར་ཆད་ལས་ཐར་ནུས་པ།  འགལ་ཟླ་ཚ་དྲག་ཅན་མེད་པར་གཏོང་ྭཐུབ་པ་སྟེ།  མུ་མཐུད་དུ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཐུབ།  ལག་ལེན་གྱིས་ང་ཚོར་ངོས་འཛིན་ཟབ་མོ་སྟེར་བ་སྟེ། ཏང་གིས་ཏང་དོ་དམ་བྱེད་པ་ནི་ཏང་གི་མདུན་ལམ་དང་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད།  རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་བདེ་སྡུག་ལའང་འབྲེལ་ཡོད་པས།  ངེས་པར་དུ་སྔར་ལས་བརྟན་པའི་ཆོད་སེམས་དང་སྔར་ལས་དཔའ་བའི་སྤོབས་པ། སྔར་ལས་རྒྱས་པའི་སྟོབས་ཤུགས་བཅས་ཀྱིས་དམ་འཛིན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བ་ནི་ཇི་སྲིད་བར་དུ་གནས་ཤིང་།  སྲིད་ཏང་གང་ཞིག་དང་སྲིད་དབང་གང་ཞིག་སྟེ།  གང་དེའི་མདུན་ལམ་དང་ལས་དབང་ནི་མི་དམངས་ཀྱི་བློ་ཕྱོགས་གཏད་མིན་ལ་རག་ལས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཏང་ནན་མོ་སྐྱོང་བ་ལས་བྱུང་བའི་གྲུབ་འབྲས་ལ་མི་མང་དམངས་ཚོགས་ཀྱིས་གདེང་འཇོག་ཆེན་པོ་ཐོབ་ཡོད། གྲུབ་འབྲས་འདི་ནི་ཁས་ལེན་འོས་ལ་དེའི་ཉམས་མྱོང་ཀྱང་ཕྱོགས་སྡོམ་བྱ་འོས། འོན་ཀྱང་། འདི་ཙམ་གྱིས་ང་ཚོ་བློ་ཚིམ་པ་དང་ཡིད་སྤྲོ་བ་གཏན་ནས་བྱས་མི་རུང་།  ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བ་འདི་ནི་འགན་འཁྲི་ལྕི་ཞིང་ལམ་ཐག་རིང་།   ཏང་ཡོངས་ཀྱིས་གནད་དོན་གྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དགོས་པ་དང་།  འཐབ་ཇུས་ཀྱི་ཕྱོགས་ནས་གདེང་ཚོད་ཡོད་རྒྱུ་སྲུང་འཛིན་བྱེད་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་རྒྱུ་མཐའ་འཁྱོལ་བྱེད་དགོས་པ།  ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་རྒྱུའི་བསམ་བློ་དང་འཐབ་ཇུས་དེ་སྔར་ལས་ཚན་རིག་དང་མཐུན་པར་བྱ་རྒྱུ། ཚགས་དམ་པོར་བྱ་རྒྱུ། ཕན་ཐོགས་པར་བྱ་རྒྱུ། མདོར་ན། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་བསམ་པ་མཐུན་ཞིང་ལས་ཀ་མཉམ་པོ་སྒྲུབ་སྟེ།  ཀྲུང་གོའི་མི་དམངས་ཀྱི་རླབས་ཆེའི་རེ་འདུན་བཅོལ་ཡོད་པའི་གྲུ་གཟིངས་ཀྱིས་རླབས་གཤགས་ཏེ་རྒྱལ་ཁའི་ངང་ཕ་རོལ་དུ་བསྐྱོད་དགོས།

ལི་ཁེ་ཆང་གིས་འཛིན་གྲྭའི་མཛད་སྒོའི་ཐོག་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་ནི་ཧ་ཅང་གལ་ཆེ་སྟེ།   ཁོང་གི་དགོངས་དོན་ལས་རྒྱལ་ཁབ་ཕྱི་ནང་གི་མིག་སྔར་གྱི་གནས་བབས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཡོད་ཅིང་།  ལོ་ལྔའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་།  གཏིང་ཟབ་མོའི་སྒོ་ནས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གལ་ཆེའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་རྒྱས་བཤད་རབ་དང་རིམ་པ་བྱས་ཡོད་ལ།   མ་འོངས་པའི་དུས་སྐབས་ངེས་ཅན་ཞིག་གི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འཕེལ་རྒྱས་སྤྱིའི་ཁ་ཕྱོགས་དང་འགུལ་སྐྱོད་རྩ་དོན་ཐད་ལ་གལ་འགངས་ཆེ་བའི་བསམ་བློ་གསར་པ་དང་ལྟ་བ།  བརྡར་གཅོད་དང་བྱ་ཐབས་གང་མང་ཞིག་བཏོན་ཡོད་པས།  དེ་ལ་བསམ་བློའི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན།  སྔོན་མཐོང་གི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ལྡན། དེ་བས།   དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་དགོས་པ་དང་།  བསམ་སྦྱོར་ཟུང་འབྲེལ་གྱིས་བྱ་གཞག་སོ་སོར་མཛུབ་སྟོན་དང་སྐུལ་འདེད་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས།  སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཤུགས་ཆེར་བསྐྱེད་དེ། བསམ་བློ་དང་ཆབ་སྲིད།  ལག་ལེན་བཅས་ཀྱི་ཐད་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཀུན་ནས་གཅིག་མཐུན་བྱེད་དགོས་ལ། འཐབ་ཇུས་སོ་སོ་མཐིལ་ཕྱིན་པར་ལག་བསྟར་བྱས་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་བདེ་བླག་ངང་ཚོགས་རྒྱུ་བསུ་དགོས།

ལིའུ་ཡུན་ཧྲེང་གིས་མཇུག་བསྡུའི་མཛད་སྒོའི་ཐོག་ཕྱོགས་སྡོམ་གྱི་གསུང་བཤད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གལ་ཆེའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་སོགས་ལ་རྒྱས་བཤད་ཟབ་མོ་བྱས་ཡོད་པ་ནན་བཤད་བྱས།   ང་ཚོས་དེར་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ་དགོངས་དོན་གྱི་གལ་ཆེ་བའི་ཆབ་སྲིད་ཀྱི་དོན་སྙིང་དང་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ལ་ངོས་འཛིན་ཡང་དག་བྱེད་དགོས་པ་དང་།  དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་བསམ་བློའི་ངོ་བོ། རྩ་བའི་བླང་བྱ་བཅས་ལའང་ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས་ལ།  ཀླད་པར་དྲག་ཆས་སྤྲས་པ་དང་ཁ་ཕྱོགས་ཇེ་གསལ་དུ་གཏོང་དགོས།   དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་ཁྱབ་བརྡལ་གཏོང་བ་དང་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་ལ་རྩ་འཛུགས་ལེགས་པོ་བྱེད་དགོས།   བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་གཉེར་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དང་གྲུབ་འབྲས་ལ་ཟུང་འབྲེལ་བྱས་ཏེ།  རྒྱ་ཆེའི་ཏང་ཡོན་རྣམས་ལ་སྣེ་ཁྲིད་བྱས་ནས་སོ་སོའི་བསམ་པ་དང་སྦྱོར་བ་གཉིས་ཀ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་འགྱུར་ཡོང་བར་བྱེད་པ་དང་། སྲོག་ཤིང་གི་བསམ་བློའི་རང་རྟོགས་དང་ལག་ལེན་གྱི་རང་རྟོགས་འགན་སྲུང་བྱེད་དགོས།   དགོངས་དོན་གྱི་བསམ་བློ་དེ་སྣེ་ཁྲིད་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་ཁྱབ་བསྒྲགས་བྱེད་པ་དང་།  བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གི་བྱ་གཞག་ཁག་རྣམས་ལེགས་པོ་སྒྲུབ་སྟེ།  ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།   རྒྱལ་ཡོངས་མི་དམངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཏང་ཡོན་གྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཀྲང་ལ་སོགས་པ་འཛིན་གྲྭའི་སྒོ་ཚུགས་མཛད་སྒོའི་ཐོག་ཞུགས་པ་རེད།  དམངས་གཙོའི་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་རྣམས་ཟུར་ཞུགས་བྱས་ཡོད།

ཞིང་ཆེན་སོ་སོའི་གྲོང་ཁྱེར་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྒར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་གཙོ་བོའི་འགན་ཁུར་བློ་མཐུན།  དམག་དཔུང་གི་ལས་ཁུངས་སོ་སོ་དང་དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་གཙོ་བོའི་འགན་ཁུར་བློ་མཐུན་རྣམས་བགྲོ་གླེང་འཛིན་གྲྭར་ཞུགས་ཡོད།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐